སྤྱི་ཚོགས་ལས་རིགས་ཁག་ཤེས་དགོས།

ང་ཚོས་ཀྱང་སྤྱི་ཚོགས་ལས་རིགས་ཁག་ངེས་པར་གཉེར་ཤེས་དགོས། དེ་རིང༌། ཕྲན་ནས་ངེད་ཚོའི་ཡུལ་མི་སྤུན་ཟླ་རྣམ་པའི་འཚོ་སྡོད་བྱེད་སྟངས་ཐད་ཉེན་ཁའི་རང་བཞིན་ལྡན་པའི་རིགས་འགར་ཡིག་ངོར་འབེབས་འདོད་ཡོད། སྐད་ཆ་འདི་ནི་ངའི་ནང་གི་དམར་པོ་འདིའི་གཏིང་རིམ་ནས་བུད་པའི་འབོད་སྐུལ་གསོན་པོ་ཞིག་ཡིན་པར་བསམ་ཡོད་པས། ལུང་པ་འདིའི་འཚོ་གནས་པ་ཚོས་དང༌། ལྷག་ཏུ་གཞོན་རབས་ཕོ་རྫིག་མོ་མཆོར་ཚོས་སྔར་བཞིན་སྟོང་འདང་ཁུར་ནས་ཡལ་ལེ་ཡོལ་ལེ་དང་ཧབ་བེ་ཧུབ་བེས་སྐྱུར་འཇོག་མི་བྱེད་པར་ངེས་པར་སེམས་གཏམ་འདིར་རྣ་བ་གཏད་དེ་རིག་པ་བསྒྲིམ་རོགས་ཞེས་ངས་སྐད་ཤུགས་ཆེན་པོས་འབོད་ཀྱིན་ཡོད།

ང་ཚོའི་ཕ་ཡུལ་འདིར་ཆ་མཚོན་ན། ཉེ་རབས་ཤིག་ནས་བཟུང་སྟེ་དབྱར་རྩྭ་དགུན་འབུའི་ཡོང་འབབ་ཞིང་འབྲོག་ཐོན་ལས་གང་གིས་ཀྱང་བསྒྲུན་དུ་མེད་པའི་འཚོ་རྟེན་སྟོབས་དང་ལྡན་པ་ཞིག་ཆགས་ཡོད། ཏག་ཏག་དབྱར་རྩྭ་དགུན་འབུའི་རིན་གོང་སྨྲ་བསམ་བརྗོད་མེད་ལྟ་བུར་ཆགས་པའི་ཉེར་ལེན་གྱིས། ང་ཚོས་གལ་གནད་ཧ་ཅང་ཆེ་བའི་ལས་དོན་གང་མང་མང་ཞིག་ལ་སྣང་ཆུང་བྱས་ནས་འཐུས་ཤོར་བཏང་ཡོད། དེ་གང་ཞེ་ན། སྤྱི་ཚོགས་ལས་རིགས་མང་དག་ཅིག་གི་ངོས་ནས་རེད་ལ། སློབ་གསོའི་ཕྱོགས་ནས་ཀྱང་གྱོང་གུན་དཔེ་མེད་ཐེབས་ཡོད།

ད་ཆ། ས་ཕྱོགས་ཚང་མར་གློག་ཆས་ཀྱིས་འཇིག་རྟེན་ཧྲིལ་པོ་ཁ་ལོ་བསྒྱུར་ཡོད་པ་ལྟར། ང་ཚོའི་ས་ཁུལ་དུའང་ གནས་སྟངས་དེ་ལས་འདས་མེད་པ་ཨ་ཅང་བརྗོད་མེད་རེད། དེའི་ཕྱིར་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་ཆེས་ཆེར་སྤྱོད་འབྲས་ཆེ་བ་ནི་རླངས་འཁོར་དང་སྦག་སྦག་གིས་མཚོན་པའི་འཕྲུལ་རིགས་འདི་དག་རེད། ང་ཚོའི་ཡུལ་མི་རྣམ་པས་དེང་རབས་ཀྱི་གློག་ཆས་འདི་ཚོ་བེད་སྤྱོད་ཨ་ལ་སྦ་ལ་ཞིག་གཏོང་ཐུབ་ཀྱི་ཡོད་པ་ལས། འཕྲུལ་རིགས་འདི་ཚོའི་ཕྱི་ནང་གསང་གསུམ་གང་ལའང་མཉམ་འཇོག་ཙམ་བྱེད་ཀྱི་མེད་པ་འདི་ནི་ནོར་ཚབས་ཆེན་པོ་ཞིག་ཅི་ལ་མིན།

ང་ཚོས་མིག་འབྲས་ཆེ་ཙམ་གདངས་ནས་ལྟོས་དང༌། མི་ལོ་འདི་དག་གི་རིང་ལ་རྫོང་འདིའི་གཡས་གཡོན་མདུན་རྒྱབ་ཏུ་རླངས་འཁོར་བཟོ་བཅོས་ཁང་དང་སྦག་སྦག་ལས་ཁུལ་ག་ཙམ་ཡོད་པ་རེད། དེ་བཞིན་དུ་ཆུ་ཚོད་དང༌། བརྙན་འཕྲིན། གློག་ཀླད་བཟོ་ས། ད་དུང་དྲ་རྒྱ་ཁང༌། ཁྱིམ་ཆས་ལས་ཁང༌། སྐྲ་བཞར་ཁང༌། མཛེས་བཟོ་ཁང༌། གཟུགས་པོ་འཁྲུ་ཁང༌། གྱོན་གོས་སྐམ་འཁྲུ་ཁང༌། རྐང་པ་འཁྲུ་མཉེད་བྱ་ས། ལྷམ་འཛེར་བ་སོགས་མདོར་ན་དུས་བསྟུན་གྱི་ལས་རིགས་འདི་ཚོ་སུ་ཞིག་གིས་ལས་གཉེར་བྱས་ནས་ཡོད། ལག་དངུལ་དམར་པོ་འདི་སུའི་ལག་པ་ནས་རྒྱུན་ཆད་མེད་པ་འཇོ་བཞིན་ཡོད་པ་རེད།

འུ་ཚོས་སྟེས་དབང་ལྟ་བུ་ཞིག་གིས་ལག་ཏུ་རག་པའི་སྒོར་མོ་འདི་གོ་རིམ་མེད་པའི་ཕར་གཏོང་རིང་ལུགས་ཀྱི་ཚོགས་པ་ཐབས་རྡུགས་ཤིག་ཆགས་ཡོད། ད་ནི་འུ་ཚོས་གདོང་པར་ཆུ་ཞིག་བརྒྱབ་ནས་ད་ལྟའི་འཚོ་སྡོད་ཀྱི་རྣམ་པ་འདིར་བསམ་ཞིབ་གཏིང་ཚུགས་ཤིག་བྱ་དགོས། དབྱར་རྩྭ་དགུན་འབུ་འདི་གནས་སྐབས་ཀྱི་འཚོ་ཚིས་ཙམ་མམ། ཡང་ན། ལས་ཀླུང་ཞིག་གིས་སྐབས་འཕྲལ་གྱི་འཚོ་བའི་ངལ་གསོ་སྟེར་བ་ཙམ་ཡིན་པས་འདིས་དུས་ནས་དུས་སུ་ཁ་རྒྱབ་གསོ་མི་སྲིད། འཇིག་རྟེན་འདིའི་སྟེང་ན་ཆེས་ཕུགས་འཕེར་གྱི་འཚོ་ཐབས་ཉག་ཅིག་ཡོད་པ་ནི་དུས་རབས་དང་བསྡོངས་ཏེ་བབས་བསྟུན་གྱི་ལས་ཀ་བྱ་རྒྱུ་ལས་ཅི་ཡང་མེད་ཁོ་ཐག་ཡིན།

དེས་ན་བོད་ཀྱི་གཞོན་སྐྱེས་ཕོ་མོ་ཚོས་འདིའི་ཐད་ནས་ལས་ཀར་ཧུར་ཞིང་འཇོན་ཐང་ལྡན་པའི་རྒྱ་མི་རིགས་ལ་སློབ་སྦྱོང་བྱས་ཏེ། གོང་དུ་བརྗོད་མ་ཐག་པའི་སྤྱི་ཚོགས་ལས་རིགས་དེ་ཚོར་ཉི་མ་དེ་རིང་ནས་ཕར་འགྱངས་སྐར་ཆ་གང་མེད་པར་སློབ་སྦྱོང་དང་ལག་ལེན་དངོས་ལ་འཇུག་དགོས། ད་ལྟ་ང་ཚོས་དབྱར་རྩྭ་དགུན་འབུའི་གྲོགས་རམ་ལ་བརྟེན་ནས་ལས་ཀ་གང་ཞིག་གཉེར་ནའང་འགུལ་སྐྱོད་བྱ་བྱེད་ཅིག་ཡོད་པས་ཅི་འདྲའི་མཐུན་རྐྱེན་འཛོམས་པོ་རེད། ནམ་ཞིག་འདིར་གས་ཆག་བྱུང་དུས། ལས་རིགས་བཅོ་བརྒྱད་གཉེར་བ་འདོད་ཀྱང་ལག་ཐུང་ནས་ཡོད་པ་མ་རེད་དམ།

ད་ལྟའི་ཆར་ང་ཚོས་ཅུང་ཟད་འཇོན་ནུས་ལྡན་པའི་ཕྱོགས་ནི་ཟ་ཁང་དང་ཚོང་ཁང་གཉེར་སྐྱོང་བྱས་པ་དང༌། ལྷག་པར་དུ་རླངས་འཁོར་ཆེ་ཆུང་འདྲ་མིན་བཏང་སྟེ་ཐག་ཉེ་རིང་ཅི་རིགས་ནས་དོ་པོ་དབོར་འདྲེན་དང་འགྲུལ་པ་སྐྱེལ་བསུ། བྱེ་མ་དང་རྡོ་བ་དབོར་བ་སོགས་ཀྱི་ལས་རིགས་འདི་ཕྱོགས་ནས་ང་ཚོས་ས་མིག་ཕལ་ཆེར་བཀངས་ཐུབ་ཡོད་པ་རེད། ཅི་སྟེ་སྤྱི་ཚོགས་ལས་རིགས་གཞན་དག་ལའང་ཡུལ་མི་ཐམས་ཅད་ནས་རང་རང་གི་འཇོན་ནུས་གང་ཡོད་བཏོན་ནས་མི་སྡེ་སོ་སོའི་འགན་འཁྲི་ཞིག་འཁུར་འོང་ན། ཕུགས་བརྟན་ཡོད་པའི་འཚོ་བ་ཞིག་ཁག་ཐེག་ཡོང་རྒྱུར་གདོན་མི་ཟ་བ་ཡིན།

ངས་བལྟས་ན། ང་ཚོས་ལས་རིགས་འདི་ཚོར་ལག་པ་མ་འཆང་བ་རེད་མ་གཏོགས་འཇོན་ངེས་རེད་བསམས་ཡོད་ལ་ཨེ་འཇོན་མི་འཇོན་ཡང་བལྟ་དགོས། ཨ་ཅང་ཅང་སྔོན་ལ་འཆར་གཞི་ཡག་མོ་འདིང་དགོས་ལ། གོ་རིམ་ཡོད་པ་དང༌། ཕུགས་དམིགས་ཡོད་པ། དམ་བཅའ་ཡོད་པ་བཅས་ཀྱི་ཐོག་ནས་ཡར་མར་གང་རུང་ཞིག་ནས་སློབ་སྦྱོང་བྱ་དགོས་པ་རེད། འགྲོ་སོང་གཏོང་དགོས་པ་རེད། དཀའ་ལས་གང་འཚམས་རྒྱག་དགོས་པ་རེད། དེའི་རྗེས་ནས་ཁྱོད་ཀྱིས་ལོ་གཅིག་ནང་ཟླ་བ་བཅུ་ཙམ་གྱི་རིང་ལ་སོ་སོ་རང་ཉིད་ལས་ཀ་ཡོད་པ་བྱས་ནས་བསྡད་བཞག་ན་ག་འདྲའི་ཡག་མོ་རེད།

གཞན་ཡལ་ལེ་ཡོལ་ལེ་དང་འཁྱམ་མེ་འཁྱོམ་མེས་མི་ཚེ་འབུད་ཀྱིན་པའི་ཆོ་མེད་པའི་ཕོ་གསར་འདི་ཚོས། འུ་ཚང་གི་འདས་མ་ད་གསུམ་དང༌། ཐ་ན་མི་བུ་རང་ཉིད་ཀྱི་སང་ཉིན་ལ་ཡང་འདང་རྒྱག་མེད་པར་སེམས་ཁུར་མེད་པར། བེད་མེད་ངང་ལག་དངུལ་དམར་པོ་ཁྱི་ཁར་གཡུགས་པ་དང༌། ཤོ་བག་མཱ་ཅང་སོགས་ཀྱིས་ཚབས་ཆེའི་རྒྱན་འཛུགས་བྱེད་པ། དུ་བ་དང་མྱོས་ཆུ་ཁ་ཟས་བཞིན་སྤྱད་ནས་མི་ཚེ་སྟོང་ཟད་ལ་འགྲོ་གི་ཡོད་པ་མ་ཟད། མི་རིགས་གཞན་གྱི་བཟང་པོའི་གོམས་སྲོལ་དག་གདན་འདྲེན་རྒྱུ་མེད་པར་མི་དགོས་པའི་སྤྱོད་འཆལ་སྣ་དགུ་ནང་འདྲེན་བྱས་པར་སེམས་སྡུག་ཡོད།

ཡང༌། ང་ཚོ་ཚང་མའི་ཤ་རྩ་ལྷོད་ལ་འབབ་བྱེད་ཅིག་ནི། རིང་མིན་ཞིག་ནས་ཁྱིམ་བདག་ཚོས་འཚང་ཁ་བརྒྱབས་ཏེ་བུ་ཕྲུག་སློབ་གྲྭར་བསྐྱལ་བ་དེ་རེད། དེའི་ནང་ནས་ཀྱང་གྲངས་ཚད་མི་ཉུང་བའི་སློབ་གྲྭ་ཆུང་འབྲིང་སོགས་མཚོན་པའི་སློབ་མ་འདི་ཚོ་ནི། ང་ཚོའི་མ་འོངས་པའི་ཡོད་ཚད་ཡིན་ལ་ཡིད་བཞིན་ནོར་བུ་ཡིན་དགོས་འདོད་དགོས་འབྱུང་ཡིན། རྣམ་རིག་ལྡན་པའི་ཁྱིམ་མི་རྣམས་ཀྱིས་རང་སོ་སོའི་ཕྲུ་གུའི་མདུན་ལྗོངས་འོད་ཟེར་དང་མི་འབྲལ་བ་ཞིག་ཡོད་སླད། ཕྱིས་འབྱུང་དོན་གནད་ག་འདྲ་ཞིག་ལ་དཀའ་ཁག་ཅི་ལྟར་འཕྲད་ནའང་ཕྱི་བཤོལ་མེད་པར་མདུན་བསྐྱོད་བྱ་རྒྱུར་གྲོགས་དན་མཛོད་ཅིག། །
སྦ་་་་་སད་མི།

Related Articles