སྟོན་པ་རྗེས་དྲན།

འབྲི་སྐལ་བཟང་།   སྟོན་པ་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ།

དེ་རིང་སྟེ་བོད་ཟླ་དྲུག་པའི་ཚེས་བཞི་ནི་ཡོངས་གྲགས་སུ་སྲུང་བརྩི་ཞུ་བའི་ཆོས་འཁོར་དུས་ཆེན་གྱི་ཉིན་མོ་རེད། རང་ཅག་རྣམས་ཀྱི་སྟོན་མཆོག་བླ་ན་མེད་པ་དེས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་འཇིག་རྟེན་གྱི་འགྲོ་བ་རྣམས་ལ་མ་ནོར་བའི་ལམ་མཆོག་དྲི་མ་མེད་པ་སྟོན་ཆེད་གང་འདུལ་གྱི་ཚུལ་དུ། ཞལ་ནས་གསུངས་པ་དང་། བྱིན་གྱིས་བརླབས་པ། རྗེས་སུ་གནང་བ། དེ་ཡང་དྲང་དོན་དང་ངེས་དོན་གྱི་སྒོ་ནས་སྐབས་དུས་དང་འཚམས་པའི་གསུང་མང་དུ་བྱོན་ཡོད། དེ་དག་གིས་འགྲོ་བ་རྣམས་ལ་ལུས་སེམས་ཀྱི་བདེ་སྐྱིད་ཁྱད་དུ་འཕགས་པ་བསྐྲུན་པ་དང་། ལྷག་པར་དུ་ཕྱི་ནང་གི་གཞུང་ལུགས་སྨྲ་བ་མང་པོ་ཞིག་ལ་རྣམ་དཔྱོད་ཀྱི་རིགས་ལམ་དང་། གསར་གཏོད་ཀྱི་རང་བཞིན་ཅན་གྱི་ཐབས་ལམ་དུ་མ་ཞིག་རྙེད་ནས་དེ་དག་གི་རྒྱུན་འཛིན་རྣམས་ཀྱིས་དར་སྤེལ་བྱས་ཏེ་གོ་ལ་འདིའི་སྟེང་དུ་ཆེས་བསྔགས་པར་འོས་པའི་ལས་འགུལ་རབ་དང་རིམ་པ་མང་པོ་བྱུང་ཡོད་པར་ངེས། སྟོན་མཆོག་དེའི་གསུང་གི་སྙིང་པོ་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཟེར་བ་འདི་གཉིས་ཡིན་པ་ནི་མཁས་པ་རིམ་བྱོན་གྱི་ཞལ་ནས་བརྒྱུད་ཡོད། མདོར་ན་གཞན་གནོད་ཀྱི་སེམས་འདི་ཁ་བསྒྱུར་ནས་གཞན་གཅེས་འཛིན་གྱི་ཕྱོགས་སུ་བསྐྱོད་དགོས་པ་དང་། ཁོང་ཁྲོ་འདི་ཁ་བསྒྱུར་ནས་བྱམས་པའི་ཕྱོགས་སུ་བསྐྱོད་དགོས་པ་དང་། རྫུན་དང་ཕྲ་མས་མནའ་སྐྱེལ་དམ་འཇོག་བྱས་ནས་གཞན་རྣམས་མགོ་སྐོར་བཏང་བའི་བྱ་བ་དག་ཁ་བསྒྱུར་ནས་དྲང་པོའི་ལམ་ལ་བསྐྱོད་དགོས་པ། གཡོ་ཐབས་ཀྱི་ཚིག་སྣ་ཚོགས་སྨྲས་ནས་མི་དང་མིའི་བར་ལ་དཀྲུག་ཤིང་རྒྱག་ཡག་གི་ངན་སེམས་འདི་ཁ་བསྒྱུར་ནས་བཟང་པོའི་བྱ་བར་འབད་དགོས་པ། རབ་ཏུ་བྱུང་བ་རྣམས་ཀྱིས་གཡོ་ཐབས་སྣ་ཚོགས་ཀྱིས་གཞན་མགོ་བསྐོར་བ་དང་། ཁོང་ཁྲོས་གཞན་དག་ཕམ་པར་བྱས་པ་དང་། རྫུན་གྱིས་ལས་དོན་འགྲུབ་པར་བྱེད་པ་དང་། ལོག་འཚོས་དཔལ་འབྱོར་རྒྱས་པར་བྱེད་པ་སོགས་འཇོན་ཐང་དང་བྱས་རྗེས་བཟང་པོ་ཡིན་པར་འཛིན་པ་དང་སྨྲ་བ་སོགས་ཁ་བསྒྱུར་ནས་དེ་དག་མི་རུང་བ་ཡིན་པར་འཛིན་པ་དང་དེ་ལྟར་སྨྲ་བའི་བྱ་བ་ལ་བརྩོན་དགོས་པ། རང་གིས་ཉེས་པ་བྱས་པ་དག་གཡོ་འཕྲུལ་སྣ་ཚོགས་ཀྱིས་གཞན་ལ་འགེལ་བ་དང་། དེ་ལྟར་འགེལ་ས་བྱུང་ན་ཉེས་པ་གང་སྤྱོད་དགོས་ཀྱང་འཛེམ་དོག་མེད་པར་བྱེད་པ་སོགས་ལས་ལྡོག་སྟེ་རང་ཉེས་རང་གིས་འགན་འཁུར་དགོས་པ། མི་གཞན་གྱིས་སྤྱི་ཚོགས་ཐོག་ལ་ཕན་པའི་བྱ་བ་ཞིག་བརྩམས་ཚེ་དེ་ལ་ཕྲག་དོག་གིས་མ་བཟོད་ནས་དངོས་ཤུགས་བརྒྱུད་གསུམ་ནས་ངག་འཇམ་ལ་དོན་རྩུབ་པའི་མེ་ཏོག་གི་མདའ་མོ་བརྒྱབ་ནས་དོན་དེ་མི་འགྲུབ་པའི་ཆེད་དུ་འབད་པའི་བྱ་བ་རྣམས་དོར་ནས་བཟང་པོའི་བྱ་བ་ལ་མཉམ་རུབ་དང་ཆེ་མཐོང་བྱེད་དགོས་པ་སོགས་ནི་སྟོན་པའི་བསླབ་བྱ་དང་ཡོངས་སུ་མཐུན་པ་ཡིན། དེ་ལ་སོགས་པ་མང་པོ་ཞིག་བཤད་དུ་ཡོད་ཀྱང་དེང་དུས་ཀྱི་མི་ལ་འབྱུང་ཉེ་བ་འགའ་ཞིག་སྨོས་པ་ཙམ་ལས་རྒྱས་པར་ག་ལ་བཤད་ནུས། དེང་སང་སྤྱི་ཚོགས་ཀྱི་ནང་ལ་བཟོད་པ་ཅུང་ཟད་སྒོམ་མཁན་ཞིག་ཡོད་ན་དེ་ནི་འཇོན་ཐང་མེད་པའི་མི་ཞིག་ལ་རྩི་བ་དང་། གཞན་ཕན་གང་ནུས་སྒྲུབ་མཁན་ཞིག་ཡོད་ན་དེ་ནི་མི་ཕུག་མདུན་མེད་མཁན་ཞིག་ལ་རྩི་བ་དང་།

དྲང་པོ་བྱེད་མཁན་ཞིག་བྱུང་ན་དེ་ནི་བྱ་བ་གང་ཡང་བསྒྲུབ་མི་ཐུབ་མཁན་ཞིག་ལ་རྩི་བའི་ལུགས་སྲོལ་ཞིག་དར་ཡོད། དེ་དང་གཅིག་པ་བླ་མ་དང་དགེ་བཤེས་དཔལ་འབྱོར་མང་པོ་གསོག་སྒྲུབ་ཐུབ་མཁན་ཞིག་ཡིན་ན་འཇོན་ཐང་ཆེན་པོ་ཡོད་མཁན་ཞིག་དང་། ཞི་དུལ་ཚུལ་མཐུན་ཅན་ཞིག་ཡོད་ན་གང་ཡང་མི་ཤེས་པ་དང་མི་འཇོན་མཁན་ཞིག་ལ་རྩི་བ། གྲྭ་པ་དང་ཨ་ནེ་ཁོང་ཁྲོས་གཞན་ཕམ་པར་བྱེད་ཐུབ་མཁན་དང་། གཡོ་རྒྱུས་གཞན་རྣམས་མགོ་སྐོར་གཏོང་ཐུབ་མཁན་ཞིག་ཡོད་ན་ཆེས་བསྔགས་བརྗོད་བྱ་ས་ཞིག་ཏུ་ལྟ་བཞིན་ཡོད། སྙིགས་མ་ལྔ་བདོའི་དུས་ཟེར་བ་དེའི་སྒང་ལ་ད་དུང་སྤྱོད་པ་སྙིགས་མ་དང་། བསམ་པ་སྙིགས་མ། བྱ་བ་སྙིགས་མ་སོགས་མང་པོ་ཞིག་བགྲང་རྒྱུ་ཡོད་པར་སྙམ། འདི་འདྲའི་དུས་ལ་སྟོན་པའི་རྗེས་འཇུག་རྣལ་མ་ནི་ཉུང་ངུ་ལས་མེད་ཚོད་སྣང་། དེ་རིང་ནི་ང་ཚོས་སྟོན་པ་བཅོམ་ལྡན་འདས་ཀྱི་ལམ་མཆོག་དྲི་མ་མེད་པ་འཇིག་རྟེན་འདིར་གསལ་བར་མཛད་པའི་དུས་ཆེན་འདི་ལ་སྟོན་པའི་གསུང་རྗེས་སུ་དྲན་པའི་སྒོ་ནས་གུས་པ་བྱེད་དགོས། དེ་ཡང་མ་འོངས་པའི་གདུལ་བྱ་རྣམས་ཀྱིས་བླ་མ་ཡིན་ཟེར་མཁན་རྣམས་ཀྱི་གསུང་ལ་བརྟགས་པ་མ་བྱས་ནས་ཅི་གསུང་བཀའ་བཞིན་བསྒྲུབ་ནས་ལམ་ལོག་པར་འགྲོ་བ་དང་། ཏོག་ཙམ་ཤེས་ཀྱི་ཡོད་ཟེར་མཁན་དག་གིས་ཆོས་དང་འཇིག་རྟེན་གྱི་བྱ་བ་མཉམ་བསྲེས་ཀྱིས་ཁེ་འདོད་ཀྱི་གཏམ་སྨྲ་བ་དག་གིས་གཞན་རྣམས་མགོ་སྐོར་བཏང་བ་སོགས་ཀྱི་གོལ་ས་རྣམས་ཟློག་པའི་ཆེད་གཙོ་བོར་དགོངས་ནས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།། ཡོངས་སུ་བརྟགས་ནས་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་པའི་དོན་ལྡན་གྱི་གསུང་འདི་ལ་རྗེས་སུ་ཡི་རང་ཞུ། ༼ཚིག་སྦྱོར་འདི་ནི་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པར་མདོ་དྲངས་པའི་ཐད་ལ་ཡོད་པར་གསུངས་འདུག །༽ སྟོན་པ་བཀའ་དྲིན་ཅན་གྱིས་མ་ནོར་ལམ་མཆོག་གསལ་བར་མཛད་པའི་དུས་ཆེན་ཉིན། 

 

རྩོམ་ཡིག་འདི་ཐེངས་ 1024 བཀླགས་འདུག

Related Articles