སེ་ར་ཐེག་ཆེན་གླིང་།

ནགས་ཤོད་སྐལ་རྒྱན་པས། འཕགས་ཡུལ་གྱི་དཔལ་ནཱ་ལེན་འདྲ་གཉིས་པའི་མིང་ཡིག་གིས་རབ་ཏུ་བརྗིད་པའི་གནམ་ལ་ཉི་ཟླ་སྐར་གསུམ། ས་ལ་སེར་འབྲས་དགའ་གསུམ་ཞེས་ས་གསུམ་ན་གྲགས་པའི་ཡ་གྱལ། རྗེ་བྱམས་ཆེན་ཆོས་རྗེས་ཕྱག་བཏབ་པའི་སེ་ར་ཐེག་ཆེན་གླིང་། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གདན་ས་ཆེན་པོ་ཞིག་སྟེ། གནས་འདི་ན་ལུང་རིགས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་ཞིང་། བཤད་སྒྲུབ་ཀྱི་རླབས་ཕྲེང་མཁའ་རུ་བརྩེན་པའི་བློ་གསལ་སྟོང་ཚོ་མང་དུ་འཁྱིལ་བའི་ཀླུ་དབང་དགའ་བའི་ཚལ་ཆེན་པོ། མཉམ་མེད་ཤཱཀྱ་སེང་གེའི་དཔལ་གྱི་མགུར་ནས་ཡང་ཡང་ལུང་གིས་བསྔགས་པའི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་སྐུ་འཁྲུངས་པའི་གནས་མཆོག །ལྷོ་ཕྱོགས་དཔལ་རིའི་འདབ་རོལ། རི་མ་ལ་ཡ་ཡི་ཕང་པར་ཆགས་པའི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་། བྱིན་རླབས་ཀྱི་ཚན་ཁ་རབ་ཏུ་འབར་ཞིང་། གནས་འདི་ནས་ཐོས་སོགས་ཀྱི་ལུས་སྟོབས་ཡོངས་སུ་དར། ལྔ་རིག་གི་གཤོག་ཟུང་རིང་དུ་རྒྱས་པའི་མཁའ་ལྡིང་དབང་པོ་གྲངས་མེད་ཀྱིས། མཁྱེན་དཔྱོད་ཀྱི་གཤོག་རླབས་དགུང་དུ་བཏེགས་ཏེ། བསྟན་འགྲོའི་དོན་དུ་མཐོན་པོའི་ནམ་འཕང་གཅོད་དུས། ལྟ་སྒོམ་སྤྱོད་གསུམ་གྱི་ལྷ་ལམ་ཅི་ཡང་བདེ། མཐའ་མེད་པའི་ཤེས་བྱའི་གནས་ལུགས་གཏན་ལ་འབེབས་པའི་རྩོད་ངག་གི་སྐད་གསང་དང་། ལུང་རིགས་ཀྱི་མགྲིན་རྔ་རྒྱུན་མར་རྡུང་པའི་བློ་གསལ་ངང་མོ་འབུམ་ཕྲག་འཆད་རྩོད་རྩོམ་སོགས་མཁས་པའི་བགྱི་བ་གསུམ་གྱིས། འཕགས་བོད་ཀྱི་གཞུང་ལུགས་རྒྱ་མཚོར་ཅི་དགར་བརྩེན་དུས། གྲགས་སྙན་སྲིད་གསུམ་རྣ་བའི་རྒྱན་དུ་འཆང་བ་གྱུར།

ཐོས་བསམ་སྒོམ་གསུམ་སོགས་བསླབ་ཁྲིམས་གཙང་མས་ས་ཆེན་གོ་ལ་འདི་མཛེས་པར་བྱས་དུས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བའི་དྲོད་ཁོལ་ཐུགས་དམ་དུ་འཁྱིལ་བའི་སྤང་རྟོགས་མངོན་པར་མཐོ་བའི་མཁས་གྲུབ་དམ་པའི་ཞབས་རྡུལ་ཀྱང་ཆེ་དགུའི་སྤྱི་བོར་རྟག་ཏུ་མཛེས་སོང་། ངེས་དོན་གྱི་གདན་ས་ཆེན་པོ། ཐུབ་བསྟན་དགུང་དུ་བཏེགས་པའི་རྣམ་ཐར་ཟབ་མོ་མུ་མཐའ་མེད་པའི་རྒྱ་མཚོའི་དཔལ་ལ་འགྲན་པའི་མཁས་གྲུབ་དམ་པའི་འབྱུང་ཁུངས། གནས་འདི་ནི་ཞི་བདེའི་རྒྱ་མཚོ། སྐྱེ་བོ་གྲངས་མེད་པའི་དད་གདུང་གི་སྐྱོ་གར་ཅི་ཡང་འབྱིན་ཆོག་ལ། གསོལ་འདེབས་དང་ཕྱག་མཆོད་སོགས་ཀྱིས་ཇི་ལྟར་བཀུར་ཀྱང་ནམ་ཡང་མི་བསླུ་བའི་ཞིང་མཆོག་དམ་པ། ཉེར་གཅིག་དུས་རབས་འདིར་ཁྱེད་ཀྱི་གཟི་བརྗིད་རིན་ཆེན་གསེར་འོད་དང་འདྲེས་སོང་ལ་ཀུན་དགའི་དཔལ་དུ་གྱུར་བའི་ཞི་བའི་ཚལ་ཆེན་པོ། ཁྱེད་ཀྱི་མཛེས་སྡུག་གོ་ལའི་མཁའ་ངོགས་སུ་ལྷུག་པོར་བཞད་དུས། མཛེས་ལྡན་དྲོ་སྐྱིད་ཀྱི་ཉི་མ་སེར་པོ་བཞིན། གསེར་མདོག་ཅོད་པན་འཆང་བའི་དྲོད་ཁོལ་གྱིས་འགྲོ་ཀུན་བདེ་བའི་གནང་བ་ཅི་ཡང་སྦྱིན། ཁྱོད་ཀྱི་དགེ་མཚན་བླ་ན་འབར་བའི་མཛེས་སྡུག་གི་བླ་རེ་འཇའ་ཚོན་བཞིན་བྲེས་པའི་གྲིབ་བསིལ་སྣུམ་པོས། འཛམ་གླིང་འདིར་དགེ་མཚན་ཁྱད་པར་འཕགས་པའི་བདེ་སྐྱིད་ཀྱི་ཁོ་ལག་རབ་ཏུ་རྒྱས་སོང་། ལུས་ཀྱི་མ་ལྔ་ས་ལ་ཕབ་ཏེ། ལྗོན་པའི་མགོ་བོ་དུད་པ་བཞིན་ཕྱག་གི་ཡུལ་དུ་བཀོད་པའི་སྐྱེ་བོ་ཀུན་གྱི་སྙིང་ཁོང་གི་དགོས་འདོད་ནོར་བུ། གསེར་མདོག་གི་འོད་སྣང་འཁྱིལ་བའི་སེ་ར་ཐེག་ཆེན་གླིང་། སྙིང་ནས་ཁྱེད་ལ་དད་ཕྱག་གྲངས་མེད་བརྩེགས། ནམ་ཡང་དར་ཞིང་རྒྱས་པར་སྨོན་ནོ། །


 

Related Articles