རིག་དོན་འབེམ་གཏམ་ཆུ་ཐིགས།

༢༠༡༣ ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག

བསླབ་གསུམ་ཚུམ་ཁྲིམས།

ཇི་སྙེད་ཤེས་བྱ་རྡུལ་སྙེད་ལས་འདས་པར། །
རེ་རེའི་བརྡ་དང་གནས་ལུགས་མཇལ་འདོད་ན། །
མ་འདྲིས་མཛའ་བཤེས་རྣམས་ཀྱིས་ཞབས་དྲུང་དུ། །
མ་ཤེས་བར་དུ་ཆུ་བོའི་རྒྱུན་བཞིན་བརྩོན། །

བྱིས་དམར་ཞལ་ལྷན་འཁྲུངས་པའི་ཨི་སོགས་དང་། །
བྱུར་མདོག་ལྗག་འགྲོས་མང་བའི་ཀ་སྡེ་སོགས། །
མ་སྲིན་ཕ་སྤྲེའུ་བུ་ཡི་རིག་འབྱུང་དང་། །
མ་ཚད་རིག་གནས་ཡོངས་ཀྱི་འཇུག་སྒོ་ཡིན། །

བརྡ་འདོད་ནོར་བུ་སྟེར་བའི་བརྩེགས་འདོགས་དང་། །
སྔ་ཕྱིའི་སྡེབ་འགྲོས་མངའ་བའི་སྔོན་རྗེས་རྣམས། །
མིང་ཚིག་ཡི་གེ་འབུམ་གྱི་འོ་མཚོ་འདི། །
ངོམས་མེད་བློ་གསལ་བུ་ཡིས་རོལ་མཚོ་ཡིན། །

སྦྱོར་ཀློག་སྒྲ་གདངས་བྱེ་བའི་གངས་རི་ལ། །
མགྱོགས་ལྡན་ཁ་བདེའི་ཉི་མ་མ་ཤར་ན། །
སྐད་རིག་དྭངས་མའི་ཆུ་བོ་འབབ་མི་སྲིད། །
འགྱུར་མེད་རིག་གཞུང་རྨིང་གཞི་འཇོག་ཅི་ཐོབ། །

ཚངས་དབྱངས་བསྡུས་ཀློག་མྱུར་བའི་ཁ་གཡང་དེ། །
ལྡབ་ལྡིབ་྄མི་སྙན་སྒྲ་ཡིས་སྐྱོན་སྤངས་པས། །
མཁའ་ལྟར་ཡངས་པའི་རིག་པའི་གནས་རྣམས་ལ། །
འཇུག་པ་བདེ་པའི་དང་པོ་འདི་རྣམས་སྦྱོངས། །

མིང་ཚིག་ཡི་གེའི་མེ་ཏོག་ཕྲེང་མཛེས་དང་། །
སྒྲ་སྙན་ཡོངས་བསྡུས་གསེར་གྱི་རོལ་མོ་འདིས། །
འཆད་རྩོམ་མཁས་པའི་གྲལ་འགོ་འཇོག་བྱེད་པ། །
སྙན་གཞུང་སྒྲ་སྙན་དབང་པོ་ཤེས་པར་མཛོད། །

རྟ་བདུན་དབང་པོའི་མཚོན་པའི་ཤེས་བྱ་རྣམས། །
རེ་རེའི་མིང་བརྡས་འདོགས་ཚུལ་གྲངས་མང་བ། །
གདགས་ཚོགས་གཅིག་ལ་འཁྱུད་པ་ཤེས་འདོད་ན། །
སྔོན་བརྗོད་འདོད་ཡོན་སྣ་ལྔའི་ཟས་ལ་རོལ། །

མཁས་བླུན་ཡོངས་ཀྱིས་རྣ་བའི་བུ་ཁ་ལ། །
སྙན་འཇེབས་གསུང་དབྱངས་སྔ་ཕྱིའི་གོ་རིམ་རྣམས། །
མ་ནོར་མ་འདྲེས་གསལ་པ་སྟོན་པ་ལ། །
སྡེབ་སྦྱོར་ལེགས་མཛེས་གཞུང་ལ་འབད་ལ་འཚང་། །

རྡུལ་ཕྲན་ཚེ་རབས་གྲངས་ཁ་ཡོད་དོ་ཅོག།
མ་བྲིས་མི་བུའི་ཕྱག་གིས་མཛུབ་རིས་ནང་། །
མ་ཚངས་མེད་པ་བཀོད་པའི་རྩིས་རིགས་འདི་། །
སྒང་པ་ཚང་གིས་ཚན་རིག་ཅི་མི་ཡིན། །

མ་མཐོང་ལྷ་ཀླུའི་གླུ་གཞས་སྐད་གྲགས་ཡང་། །
འགྱུར་ཁུག་ལྡེམ་འགྲོས་ཡོད་དོ་ཕམ་བྱེད་པ། །
བསིལ་ལྡན་ཁ་བའི་གླུ་གཞས་སྙན་གདངས་འདི། །
སྤྲོ་འཚོགས་དགའ་སྟོན་དགྱེས་པའི་རིག་གཞུང་ཡིན། །

བསིལ་ལྡན་ལྗོངས་ཀྱི་ཐུན་མིན་རིག་ཆུང་ལྔ། །
གཅེས་འཛིན་བོད་ལ་བཅང་པའི་གངས་ཕྲུག་ཚོའི། །
ནམ་ཡང་འདིའི་རིགས་མི་སློབ་དུས་མ་འདའ། །
ཕ་ཐོག་གྲངས་ལས་འདས་པའི་གཅེས་ནོར་ཡིན། །

ལྟ་ངན་ཉོན་མོངས་ནགས་ཀྱི་གསེབ་རིའི་ཚལ། །
མ་ལུས་བསྲེག་པར་ནུས་པའི་ལྟ་སྤྱོད་མེ། །
ཆོས་ལུགས་སུ་ཡིས་འགྲན་མེད་ནང་གི་ཆོས། །
སྒང་པ་ཚང་གིས་གསེར་སྦྱངས་རིག་གཞུང་ཡིན། །

ལོག་འཛིན་མཁྲེགས་གཟུང་ཐལ་བ་རློགས་པའི་མཚོན། །
གཏན་ཚིགས་རིག་པའི་མདའ་མོ་སུས་འཕངས་ན། །
རྒོལ་ངན་ཁས་ལེན་འབེན་ལ་ཕོག་པ་ན། །
མ་ལུས་བརླག་པར་ནུས་པའི་ཚད་མ་རིག །

ལེགས་སྦྱར་མིང་ཚིག་བརྗོད་པ་ཆོས་ཀྱི་གྲངས། །
རེ་རེ་བཞིན་དུ་རྟོགས་སླ་འགྲན་པའི་ཟླ། །
ཚིག་འཁྲུལ་ཚར་གཅོད་རང་བཞིན་རྐྱེན་རྣམ་འགྱུར། །
རྣམ་གཞག་གསལ་བ་སྟོན་པ་སྒྲ་རིག་པ། །

ཆོས་འཇིག་བྱ་བའི་བཀག་རྡོ་ནད་རིམ་ཀུན། །
རེ་རེ་བཞིན་དུ་བསལ་བའི་གསོ་རིག་འདིས། །
བདེ་སྟེར་འདོད་ཕྱོགས་སྒྲུབ་པོའི་ལམ་གྱི་མཆོག།
འགྲོ་ཀུན་བདེ་སྐྱིད་སྩོལ་བའི་གསོ་བ་རིག། །

ལྷ་མཁར་མཆོད་རྟེན་ལྷ་ཡི་ཚངས་ཐིག་དང་། །
སྦྲ་ནག་གྲུ་བཞི་ཞྭ་ལྷམ་ལྭ་བ་རྣམས། །
རྒྱལ་འབངས་འཁོར་བཅས་མཁོ་དགུ་ཅི་ཡོད་པ། །
གང་བསམ་ལག་གིས་སྐྲུན་ནུས་བཟོ་རིག་པ། །

ཡོན་ཏན་མཛོད་འཛིན་ཤེས་བྱའི་རྒྱ་མཚོ་ཞིག །
བྱེད་པ་འདོད་པའི་རིགས་ཀྱི་གངས་ཕྲུག་ཚོའི། །
དགོས་འདོད་ནོར་ལས་ལྷག་པའི་རིག་གཞུང་རྣམས། །
ནམ་ཡང་བརྩོན་པ་ལྷོད་མེད་འབད་ལ་འབུངས། ། །

གོ་ལའི་སྟེང་གི་མི་རིགས་ཚད་ལྡན་ཞིག །
བརྗིད་ཉམས་ལྡན་པའི་རང་རིགས་འཛིན་འདོད་ན། །
ཕ་མེས་བྱེ་པས་བསགས་པའི་རིག་གཞུང་འདི། །
རང་ལུགས་བཟུང་ནས་དེང་རབས་མཁའ་ལ་བསྐྱོད། །

སྤྲེལ་སྲིན་ཁྲག་རྒྱུན་འདྲེས་པའི་ཅི་ཞིག་དཔའ། །
གངས་ཕྲུག་འཇོག་བྱེད་བོད་པའི་རིག་གནས་ཡིན། །
དེ་ཕྱིར་འདི་རྣམས་རང་གིས་སྒོ་གསུམ་བརྒྱན། །
ཕ་བཟང་སྟོང་གི་འདོད་དོན་སྒྲུབ་ཤིག་ཀྱེ། །

གནའ་དེང་གཉིས་ཀྱི་རིག་གནས་གཤོག་ཡངས་འདི། །
མཐའ་ཡས་ཤེས་བྱའི་གནས་སུ་ཤུགས་བསྐྱོད་ནས། །
མ་རིག་རྨོངས་པའི་སྨག་རུམ་ལས་བརྒལ་ཏེ། །
ཆོས་རྣམས་རང་བཞིན་ཡོངས་སུ་འཆར་བ་བྱོས །།

Related Articles