གྲོགས་པོ་འགའ་ལ་སྦ་གསང་མེད་པའི་མོལ་མཆིད།

ནགས་ཤོད་ཅོང་བརྡ།

བཅུ་དྲུག་ལང་ཚོ་འོ་མའི་ཁུར་ལྕི་ཞིང་།།
གླང་ཆེན་འགྲོས་ལྡན་ཟླ་བ་རྒྱས་པའི་བཞིན།།
རི་དྭགས་མིག་གཡོ་དག་ནི་རིང་སྤངས་ཏེ།།
སུམ་ཅུའི་མྱོས་བུམ་ལག་སེན་རི་མོ་བབས།།

དཀའ་དམར་མཚོན་གྱིས་བཞིན་གཉེར་ལེཌ་སུབ་པ།།
ཆགས་མིག་ཡང་ཡང་གཡོ་ལ་གོམས་པ་དེ།།
རྐུས་ན་ཆོག་ཀྱང་གཏན་གྲོགས་རུང་བ་མིན།།
ཁ་སེམས་མ་བཅོས་འོ་མའི་མདངས་ལྡན་ཞིང་།།

འོ་མ་འཇོ་ཞོར་འོ་མས་འདྲུད་ཞོར་དུ།།
འོ་དྲི་ཐུལ་ལེ་ཐུ་སྣེ་རླུང་གིས་བསྐྱོད།།
ལང་ཚོ་སྨིན་ཀྱང་ངོ་ཚའི་གོས་ཀྱིས་བཀབ།།
འབྲོག་མོ་འབྲུག་མོ་འདྲ་ཞིག་རྒྱབ་ཕྱོགས་སྟེ།།
མིག་སྔོན་སྐྲ་ལོའི་ཁ་མདོག་མི་གཅིག་པར།།
སྣ་རིང་བརླ་རིང་མ་ཞིག་འགྲོགས་འདོད་པ།།
ཞག་གཅིག་བདེ་ཆེན་སྒྲུབ་ན་ཆོག་མོད་ཀྱང་།།
ཡུན་གྱི་རྩམ་པ་བཟའ་རོགས་འོས་པ་མིན།།

སྦྲ་ནག་དུ་ནག་ཅན་གྱི་འབྲོག་ནག་མ།།
ཤ་ཁ་རྩུམ་མོ་གཤིས་ཀ་འཇམ་མོ་ཅན།།
ཁ་ཉུང་ཁོག་ཡངས་ཚིགས་ཐུབ་གཤིས་སུ་འཇག །
ལས་ལ་བྲེལ་ཞིང་འཁོན་སེམས་མི་མངའ་བ།།
འབྲོག་མོ་ལྷ་མོ་འདྲ་ཞིག་མི་འགྲོགས་ནས།།
རྒྱ་མདོ་ཆུ་མདོའི་རྒྱ་མོ་རྒྱ་ལམ་འདྲའི།།
སྐྱི་མོ་དཀར་འཇམ་ཁོ་ནར་ཞེ་འཁྲེང་སྟེ།།
འགྲོ་ཞོར་ལག་ཞོར་བྱས་ན་མཚར་མོད་ཀྱང་།།
སྐྲ་བདག་བྱ་རྒྱུ་ཟེར་ན་དཀའ་ལས་རེད།།

Related Articles