ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།

དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།།

ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།

རྒྱལ་ཀུན་སྙིང་རྗེ་འོ་མའི་ཆུ་གཏེར་ཀློང༌།།རབ་དཀར་སྤྱན་ལྡན་ཕྱག་གི་ཡལ་འདབ་འཛུམ།།
༧བསྟན་འཛིན་རྒྱ་མཚོ་སྙིང་རྗེའི་པདྨ་དཀར།།རྒྱལ་ཀུན་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

དགེ་མཚན་ཀུན་ལྡན་ཙོང་ཁའི་ཞིང་མཆོག་ཏུ།།བློ་བཟང་གྲགས་པ་སླར་ཡང་ཁྱོད་བྱོན་ཚེ།།
བྱང་ཆུབ་ཤིང་ལས་ཡལ་འདབ་གསར་འཁྲུངས་ཤིང༌།།རིགས་གསུམ་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

སྲོང་བཙན་གསེར་གྱི་འཁོར་སྒྱུར་པོ་ཏཱ་ལར།།སླར་ཡང་ཞབས་ཟུང་ཉི་ཟླ་གསལ་བའི་འཛུམ།།
བཞད་པའི་སྙིགས་ལྔའི་མུན་ཚོགས་དྲུང་འབྱིན་པའི།།གངས་ཅན་ཞིང་གི་འཁོར་སྒྱུར་ཞབས་བརྟན་ཤོག།

མདོ་སྔགས་ཟབ་དང་རྒྱ་ཆེའི་ཡོངས་འཛིན་ལ།།ཕལ་ཆེན་ཤེར་མདོའི་དོན་བཞིན་བསྟེན་མཛད་ཅིང༌།།
འབྲོམ་སྟོན་རྒྱལ་བའི་འབྱུང་གནས་སླར་བྱོན་པའི།།བཀའ་གདམས་བསྟན་པའི་འཁོར་སྒྱུར་ཞབས་བརྟན་ཤོག།

བཤད་པའི་ཆ་ནས་རྒྱན་དྲུག་མཆོག་གཉིས་དང༌།།སྒྲུབ་པའི་ཚུལ་ལ་གྲུབ་ཆེན་བརྒྱད་ཅུ་བཞིན།།
འཆད་རྩོད་རྩོམ་དང་མཁྱེན་བརྩེ་ནུས་པའི་ཀློང༌།།པཎ་གྲུབ་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

ངེས་འབྱུང་བསླབ་པ་གཞོན་ནུ་དོན་གྲུབ་དང༌།།ཚུལ་ཁྲིམས་ཕུང་པོ་མི་འཁྲུགས་རྒྱལ་བ་དངོས།།
དག་བྱེད་གནས་བརྟན་ཆེན་པོ་བཅུ་དྲུག་ལྟར།།འདུལ་འཛིན་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

ཐེག་ཆེན་འཇུག་སྒོ་མོས་སྤྱོད་སེམས་བསྐྱེད་སོགས།།རླབས་ཆེན་བསྐྱེད་ཚུལ་གསུམ་གྱི་མཐར་སོན་ཏེ།།
ས་གསེར་ལ་སོགས་བྱང་ཆུབ་ཐུགས་ཀྱི་གཏེར།།རྒྱལ་སྲས་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

དོན་དམ་སེམས་བསྐྱེད་ཕར་ཕྱིན་བཅུ་རྣམས་དང༌།།ས་བཅུའི་ཡོན་ཏན་རྒྱ་མཚོའི་མཐར་སོན་ཏེ།།
ཆོས་ཀྱི་དབྱིངས་གྱུར་རྒྱལ་ཀུན་མཁྱེན་པའི་གཏེར།།གཟིགས་གསུང་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

རིགས་བརྒྱའི་འཁོར་སྒྱུར་སྐུ་གསུམ་རྡོ་རྗེའི་གདངས།།བདེ་ཆེན་དབྱིངས་ལས་སྐུ་ཐུགས་ཟུང་འཇུག་སྤྲིན།།
ཚད་བཟུང་ཕ་མཐའ་མི་དམིགས་ནུས་པའི་གཏེར།།རྡོ་རྗེ་འཆང་གི་འཁོར་སྒྱུར་ཞབས་བརྟན་ཤོག།

ཐུབ་དབང་ཨ་ཏི་ཤ་དང་འཇམ་མགོན་རྗེས།།གདམས་ངག་བུམ་པ་གང་འབྱོར་བསྟན་མཛད་ཅིང༌།།
རབ་འབྱམས་རྒྱལ་བའི་ཞལ་གཟིགས་བྱིན་རླབས་པའི།།ངོ་མཚར་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

དགའ་ལྡན་ཕོ་བྲང་ཆོས་སྲིད་གསེར་གྱི་ཁྲིར།།བསྟན་འཛིན་རྒྱ་མཚོ་ཉི་མ་འབུམ་གྱི་གཟིས།།
མཐའ་ཡས་འགྲོ་ལ་ཕན་བདེའི་མཆོག་སྩོལ་བའི།།ཆོས་སྲིད་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

རྡོ་རྗེ་གདན་དང་བྱ་རྒོད་ཕུང་པོ་སོགས།།ཐུབ་པའི་གནས་སུ་ཐུབ་དབང་ཉིད་བྱོན་ཏེ།།
སླར་ཡང་སངས་རྒྱས་ཆོས་འཁོར་བསྐོར་མཛད་པའི།།སངས་རྒྱས་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

མཐའ་བཞིའི་ལུས་ཅན་ཀུན་གྱི་སྒོ་གསུམ་ཡང༌།།གང་གི་གསང་གསུམ་བདུད་རྩིའི་གཟི་བྱིན་གྱིས།།
ཡོངས་སུ་བསྒྱུར་བའི་བདུད་རྩིའི་ལང་ཚོའི་དཔྱིད།།འཛམ་གླིང་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

འཛམ་གླིང་རྒྱལ་ཚོགས་ཡོངས་ཀྱིས་མགོན་ཁྱེད་ནི།།གངས་ཅན་ཞིང་གི་ཐོག་མའི་མགོན་ཉིད་དུ།།
འགྱུར་མེད་སེངྒེའི་ཁྲི་ལ་མངའ་གསོལ་བའི།།རང་བཙན་གསེར་གྱི་འཁོར་སྒྱུར་ཞབས་བརྟན་ཤོག།

གངས་རིའི་རྒྱལ་བསྟན་རྒྱལ་ཁམས་ཡངས་པའི་གཞིར།།གང་གི་གསང་གསུམ་ཉི་མ་བྱེ་བའི་གཟིས།།
ཞིང་བཅུའི་དགྲ་སྡེའི་མུན་ཚོགས་དྲུང་འབྱིན་པའི།།སྲིད་གསུམ་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

རིག་པའི་གནས་ལྔ་གྲུབ་མཐའི་ཆོས་ཀུན་དང༌།།མཁོ་དགུའི་ཡོ་བྱད་སྨན་དང་ནགས་ཚལ་སོགས།།
མ་ལུས་འགྲོ་བའི་རེ་སྐོང་ནོར་བུའི་གཏེར།།ཕུན་ཚོགས་སྡེ་བཞིའི་འཁོར་སྒྱུར་ཞབས་བརྟན་ཤོག།

དཀོན་མཆོག་གསུམ་གྱི་འཕྲིན་ལས་གཅིག་བསྡུས་ནས།།ཆོས་དང་རྒྱལ་སྲིད་སྐྱོང་བའི་མཛད་པའི་ཕུལ།།
དུས་གསུམ་ཕྱོགས་ཀུན་ཁྱབ་པའི་རྒྱ་མཚོའི་སྤྲིན།།རྣམ་ཐར་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

གསང་བདེ་འཇིགས་གསུམ་དུས་འཁོར་དང་བཅས་པ།།སྐུ་བཞིའི་དབང་གི་ཆུ་བོ་ཡོངས་གསོལ་ཞིང༌།།
ལྟ་ངན་ཀླ་ཀློའི་དཔུང་ཚོགས་མཐར་མཛད་པའི།།རིགས་ལྡན་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

རྗེ་བཙུན་འཇམ་དབྱངས་མཁྱེན་རབ་ཡི་གེའི་ཟོལ།།དགེ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་རྩིས།།
ས་གསུམ་འཇམ་དཔལ་དབྱངས་སུ་བསྒྱུར་མཛད་པའི།།སྙན་བརྒྱུད་བསྟན་པའི་འཁོར་སྒྱུར་ཞབས་བརྟན་ཤོག།

རྩ་རྒྱུད་བླ་མ་ཡིད་དམ་སངས་རྒྱས་ཐུགས།།མདོ་སྔགས་ལུང་རྟོགས་ཆོས་ཀྱི་བདག་ཉིད་གསུང༌།།
བྱང་སེམས་ཉན་རང་མཁའ་འགྲོ་བསྟན་སྲུང་སྐུ།།སྐྱབས་གསུམ་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

འཁོར་སྒྱུར་སྟོང་གི་རྒྱལ་སྲིད་རྩིབས་སྟོང་རླབས།།སངས་རྒྱས་སྟོང་གི་ཆོས་ཉིད་མུ་ཁྱུད་ཅན།།
དབང་མཛད་བསྟན་འཛིན་རྒྱ་མཚོ་གངྒཱའི་ཀླུང༌།།སྤྱན་སྟོང་ཡོངས་ཀྱི་འཁོར་སྒྱུར་ཞབས་བརྟན་ཤོག།

རྒྱལ་བའི་དབང་པོ་གང་གི་བྱིན་མཐུ་དང༌།།བདག་ཅག་གསོལ་བཏབ་རྟེན་འབྲེལ་བསླུ་མེད་མཐུས།།
སྨོན་པའི་དོན་རྣམས་འབད་མེད་ལྷུན་གྲུབ་པའི།།རྟེན་འབྲེལ་ཀུན་གྱི་རབ་མཆོག་རྒྱལ་གྱུར་ཅིག།

ཅེས་པ་ཞབས་བརྟན་ནོར་བུའི་རྒྱ་མཚོ་ནི།བསྟན་སྲུང་དམ་ཅན་ཆོས་ཀྱི་རྒྱལ་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་ཞབས་པད་ཡུན་བརྟན་ཡོང་བའི་བརྟན་བཞུགས་གསོལ་འདེབས་ཤིག་དགོས་ཞེས་བསྐུལ་བའི་གཟིམ་ལམ་དུ་ཉམས་སྣང་བྱུང་བ་བཞིན།འབྲི་རུ་ཞབས་དྲུང་མཁས་གྲུབ་བསྟན་འཛིན་འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མདོ་སྡེ་བསྐལ་པ་བཟང་པོ་དང༌།བསྟན་བཅོས་མངོན་རྟོགས་རྒྱན།ཕྱག་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟོང༌།།ཞེས་པའི་སྤྱན་རས་གཟིགས་ཀྱི་རྣམ་ཐར་བཅས་གུང་བསྒྲིགས་ནས་སྤྱི་ལོ་༡༩༦༩།ལོར་བོད་ཟླ༣ཚེས་༡༠ཉིན་ལེགས་པར་གྲུབ་པར་བགྱིས་པའོ།།

ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་བཅུ་གཅིག་པ་འབྲི་རུ་ཞབས་དྲུང་མཁས་གྲུབ་བསྟན་འཛིན་འཇིགས་བྲལ་ཆོས་ཀྱི་རྒྱལ་མཚན་མཆོག་མི་ལོ་བཅོ་བརྒྱད་གྲྭ་བཞིའི་བཙོན་ཁང་དུ་བཞུགས་སྐབས་མཛད་པའི་རྩམ་ཆོས་མི་འདྲ་བ་བཅུ་གྲངས་ཤིག་ཡོད་པའི་ནང་ཚན་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གི་ཞབས་བརྟན་འདི་ཉིད་ཟུར་འདོན་ཞུས་པ་ཡིན།