མདོ་ཁམས་ནགས་ཤོད་འབྲི་རུའི་ལོ་རྒྱུས།

མདོ་ཁམས་ནགས་ཤོད་ལ་རགས་ཙམ་དཔྱད་པ་བྱུང་རབས་ལ་ལྟ་བའི་འདྲེན་བྱེད།

གྲངས་མེད་ཚོགས་གཉིས་སྐྱ་རེངས་ཀྱིས་དྲངས་མཚན་དཔེའི་དྲྭ་བས་མཛེས་པའི་སྐུ། །
རྟེན་འབྱུང་གཏམ་གྱི་ཟེར་མ་འཕྲོ་བས་མ་རིག་སྨག་ཆེན་འཇོམས་པའི་གསུང༌། །
རྒྱུད་ལྔའི་འགྲོ་ལ་བྱམས་བརྩེའི་འོད་བརྒྱ་ཀུན་ལ་སྙོམས་པར་འཇུག་པའི་ཐུགས། །
ལྷ་དང་བཅས་པའི་འགྲོ་བའི་འདྲེན་མཆོག་ཐུབ༵་དབ༵ང་སྨྲ༵་བ༵འི་ཉི་མ༵ས་སྐྱོངས།།

བདེ་གཤེགས་མགྲིན་པའི་ཚངས་དབྱངས་ལས་འོང་བརྒྱད་ཁྲི་བཞི་སྟོང་དམ་པའི་ཆོས། །
མདོ་རྒྱུད་དུ་མར་ལུང་གིས་བསྔགས་པའི་གངས་ཅན་བོད་ཀྱི་རྒྱལ་ཁམས་སུ། །
རྨད་བྱུང་སྙིང་སྟོབས་གོ་ཆ་བཙན་པོས་འདྲེན་མཛད་ཆོས༵་རྒྱལ༵་ལོ་པཎ༵་ཚོགས། །
སྙིང་ནས་གུས་པས་ཡིད་ཀྱི་འོ་མཚོ་གྱེན་དུ་འཕྱུར་ཤིང་ལག་པད་ཟུམ། །

རྟོགས་དཀའི་ཟབ་གནད་ལྷུག་པོར་བཀྲལ་བའི་འཆ༵ད་པའི་ལུང་རིགས་གཏེར་ཁ་བརྡོལ། །
ངན་རྟོག་བྲག་རི་ཕྱེ་མར་གཏོར་བའི་རྩོད༵་པའི་ཐལ་ངག་ཐོག་མདའ་འཕེན། །
ཐུབ་བསྟན་ཚེ་ཡི་དཔལ་སྦྱིན་སྩོལ་བའི་རྩོམ༵་པའི་ལེགས་བཤད་ཕྲེང་བ་སྤེལ། །
མཁས་དང་གྲུབ་པའི་འཁོར་ལོས་བསྒྱུར་མཛད་རིམ༵་བྱོན༵་བཤེས༵་གཉེན༵་རྣམས་ལ་འདུད།།

རྭ་བ་གངས་རིའི་ཞིང་གི་མདོ་ཁམས་སྦས་ཡུལ་ནག༵ས་ཤོད༵་སྨན་ལྗོངས་ཀྱི། །
སྣོད་བཅུད་ཆགས་རིམ་ཆུ་ཀླུང་ཡོངས་འདུས་སྣ་ཚོགས་རིན་ཆེན་འབྱུང་གནས་ཆེར། །
འཕོ་འགྱུར་དྲི་བཞོན་ཤུགས་ཀྱིས་བསྐུལ་བའི་རླབས་ཕྲེང་བརྩེགས་པའི་གཟེགས་མ་ལས། །
དྲང་སེམས་ཀུ་ཤའི་རྩེ་མོས་བླངས་པའི་བྱུང་རབས་ཆུ་ཐིགས་ཙམ་ཞིག་སྤེལ། །

ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་ནི་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་སྦས་ཡུལ་ནགས་ཤོད་སྨན་ལྗོངས་ཀྱི་སྣོད་བཅུད་ཀྱི་ཆགས་རིམ་རགས་ཙམ་བརྗོད་པ་ལ། དེ་ཡང༌། རྒྱལ་བུ་དཀོན་མཆོག་འབངས་ལ་མ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྡོ་རྗེའི་གླུ་བླངས་པ་ལས། ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་སྤུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོ་བ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་བོ་གཡུ་ཡི་མཎྜལ་ཡོད།། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་ སྨན་གྱི་བདུག་སྤོས་ཡོད། །སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ཡི་མེ་ ཏོག་ཡོད། །ཀྱཻ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ཡོད། ། ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད། ཅེས་གནས་ཀྱི་བཀོད་པ་དང་ཞིང་གི་ཡོན་ཏན་འཕགས་ པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་གསལ་བར་ལུང་བསྟན་ཅིང༌། བསྔགས་བརྗོད་ཀྱི་མེ་ཏོག་ འཐོར་བའི་གནས་བོད་ཁ་བ་གངས་ཅན་གྱི་ཞིང་འདིར། བོད་དང་བོད་ཆེན་པོ་གཉིས་སུ་ དབྱེ་བའི་ཕྱི་མ་སྟེ། བོད་ཆེན་པོའི་ཁོངས་སུ་གཏོགས་པ། ས་ཚིགས་དང་ཆོས་ཚིགས་གཉིས་སུ་ཕྱེ་བའི་ཕྱི་མ་དབུས་འགྱུར་ཆོས་འཁོར་ལྷ་སའི་ཤར་ཕྱོགས་སུ་གནས་ཡོད།

དེ་ཡང་རིག་འཛིན་ཆོས་ཀྱི་གྲགས་པས་མཛད་པའི་ནགས་ལྷའི་ལྷ་བསང་རྒྱས་པ་ལས། ཆོས་འཁོར་ལྷ་སའི་ཤར་ཕྱོགས་ན། །དཀར་དམར་གྲམ་གསུམ་ལྷོ་ཕྱོགས་ན། །ཚ་བ་སྒང་གི་ ནུབ་ཕྱོགས་ན། །དག་པ་ཤེལ་རིའི་བྱང་ཕྱོགས་ན། །སྦས་ཡུལ་ནགས་ཀྱི་སྐྱེད་ཚལ་ན། ། ཞེས་ས་ ཕྱོགས་གསལ་བར་བསྟན་ཡོད། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཡང་རྩེར་ཆགས་པ་ནི། ནགས་ལྷ་ཛམ་བྷའི་བསང་ཡིག །ནགས་ཤོད་སྟག་ཕུ། དཔེ་ཐུང་བྲིས་མ་ཤོག་གྲངས། ༡༥ ཕྲེང༌། ༢ ལས། མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཡང་རྩེ་ན། །དགེ་མཚན་ལྡན་པའི་ནགས་ཤོད་སྨན་ ལྗོངས་སུ། །ཞེས་དང༌། ཡང་ཁྱབ་བདག་སྟག་ཕུ་པ་ཆེན་པོ་པདྨ་བཛྲ་གྱི་གསུང་ཨར་གཞས། དཔེ་རིང་ཤོག་གྲངས། ༦ ཕྲེང༌། ༤ ལས ། མདོ་སྟོད་ཤོད་ཆེན་བཅོ་བརྒྱད། །ཡང་རྩེ་ཨོ་རྒྱན་ ཆེན་པོས། །སྦས་ཡུལ་ལུང་གསུམ་སྨན་ལྗོངས། །རོ་མ་རྒྱལ་གྱི་རྒྱལ་ཤོད། །རྐྱང་མ་སོག་ཀྱི་སོག་ ཤོད། །དབུ་མ་ནགས་ཀྱི་ནགས་ཤོད། །ཅེས་གསུངས་པའི་རྩ་དབུ་མ་དང༌། རྐྱང་མ། རོ་མ་ གསུམ་གྱི་རྣམ་པར་མཚོན་པའི་སྦས་ཡུལ་ལུང་གསུམ་སྨན་ལྗོངས་ཀྱི་ནང་ཚན་ནགས་ཤོད་སྦས་ཡུལ་ལྗོངས་འདི། སོག་ཤོད་དང༌། རྒྱལ་ཤོད་གཉིས་ཀྱི་བར་ན་རྩ་དབུ་མའི་ཚུལ་གྱི་གནས་ ཡོད། འདིའི་ཤར་དུ་གནས་མཆོག་རྡོ་རྗེ་ཤེལ་རྫོང༌། མཁའ་རི་རྡོ་རྗེ་རྫོང༌། ཁམས་ཤག་རྡོ་ རྗེ་སྙིང་རྫོང་བཅས་ཁམས་ཀྱི་སྲིན་མོ་རྫོང་གསུམ་ཡོད། ལྷོར་སང་ཕུ་མགོན་ལྷ་དཀར་པོ་ནི། སྟོང་ཁུན་རྒྱ་ཡིས་ལྷོ་ནུབ་གངས་དཀར་རི་བོ། བྱང་ཕྱོགས་ཧོར་གྱིས་ལྷོ་ཡི་འཛམ་བུའི་ཀླུ་རི། ཞང་ཞུང་བོན་གྱིས་དྲུང་གེར་མགོན་ལྷ་དཀར་པོ་ཞེས་གྲགས་པ་གངས་དཀར་གྱི་ལྷུན་པོ་ མཛེས་ཉམས་ཆེ་ལ་བརྗིད་ཆགས་པ་ཡོད། ནུབ་ཏུ་གཉན་སྲས་ནགས་ལྷ་ཛམ་བྷ་ནི། ཤར་ ནས་བལྟས་ན་དམག་དཔུང་མདུང་དར་འཕྱར་བ་འདྲ། ལྷོ་ནས་བལྟས་ན་ཁྱུང་ཆེན་གཤོག་པ་ བརྐྱངས་པ་འདྲ། ནུབ་ནས་བལྟས་ན་དྲེད་ནག་རལ་པ་གསིག་པ་འདྲ། དབུས་ནས་བལྟས་ན་ དྲག་པོའི་དམར་གཏོར་བཤམས་འདྲ་ཡོད། དེ་ལ་གོང་མ་ལྷ་ཡི་སྐད་དུ་ལྷ་རྒོད་མཐུ་ཆེན་ཞེས་པ་དང༌། འོག་མ་ཀླུ་ཡི་སྐད་དུ་ཀླུ་ཚ་མཐུ་ཆེན། བར་མ་གཉན་གྱི་སྐད་དུ་གཉན་སྲས་མཐུ་ཆེན། སྲིད་པ་མི་ཡི་སྐད་དུ་ཇོ་བོ་ནགས་ལྷ་ཛམ་བྷ། གཡུང་དྲུང་བོན་གྱི་སྐད་དུ་ཇོ་བོ་ནགས་ལྷ་ཞེས་པ་འཁོར་རུ་འདྲེན་སུམ་བརྒྱ་དྲུག་ཅུས་བསྐོར་བའི་རི་བོ་འདི་ཉིད་བརྗིད་ཅིང་ལྷུན་ཆགས་པར་གནས། བྱང་དུ་མེ་མོ་བྲག་དཀར་ནི་རྫ་རི་དཀར་པོ་ངོས་རྣམས་སུ་ཡན་ལག་བརྒྱད་ལྡན་གྱི་ཆབ་བསིལ་རང་འབབས་སུ་ཡོད། རི་འདི་ནི་བན་བོན་གཉིས་གྱི་སྐོར་བ་བྱ་ཡུལ་གནས་རི་ཁྱད་པར་ཅན་ཞིག་ཡིན་པ་ནི་སློབ་དཔོན་རིན་པོ་ཆེས་སྲིང་རྫོང་གནས་ཀྱི་ཡན་ལག་བགྲངས་པའི་སྐབས། མེ་མོ་རག་ཁྲོམ་དང་དྲུག༌ཅེས་དང༌། གཏེར་གཞུང་གནས་ཡིག་ཆེན་མོ་ལས། བྱང་གི་སྒོ་ནི་མེ་མོ་རག་ཁྲོམ་ཡིན་ལས་ཀྱི་མཁའ་འགྲོའི་བསྟོད་པ་བྱ། ཞེས་རྡོ་རྗེའི་བཀས་ཡང་ཡང་བསྔགས་པའི་གནས་མཆོག་འདི་ཉིད་ཡོད་དོ། ནགས་ཤོད་ཀྱི་ས་ཆའི་ཆགས་དབྱིབས་ནི། ནགས་ལྷའི་ལྷ་བསང་འདོད་འབྱུང་ནོར་བུའི་བང་མཛོད་ལས། ཡུལ་ནི་ནགས་ཤོད་སྟོང་བུ་ཆུང༌། །ཕུ་གསུམ་དཔག་བསམ་རྒྱས་པ་འདྲ། །མདའ་གསུམ་ཡོལ་བ་བྲེས་བ་འདྲ། །རི་བྲག་མཚོན་ཆ་གཟེང་བ་འདྲ། །ཞེས་གསུངས་པ་ལྟར། ཕུ་ཐམས་ཅད་འབབ་ཆུ་དང་ལུང་ལག་ཕན་ཚུན་འབྲེལ་བས་དཔག་བསམ་ཤིང་གི་ལོ་མ་རྒྱས་པ་ལྟ་བུ། མདའ་རྣམས་སུ་ནགས་ཀླུང་ཚང་ཚིང་འཐིབས་པ་བྲག་རི་ཆུ་རུ་འཐབ་པས་ཡོལ་བ་བྲེས་འདྲ་བ། གཞན་ཡང་བྲག་རི་དང་ནགས་རི། རི་ཡི་རྩེ་མོ་རྣམས་གཡུལ་སའི་མཚོན་ཆ་གཟེང་པ་ལྟར་རྔམ་ཤིང་བརྗིད་པ་ཡོད།

སྤྱིར་ལུང་པའི་ཕུ་རྣམས་སུ་འབྲོག་ས་དང༌། མདའ་རྣམས་སུ་ཞིང་ས། གངས་རི་དང་རྫ་རི། སྤངས་རི། ནགས་རི། མཚོ་དང་མཚེའུ། དྭངས་ཤིང་གཙང་བའི་འབབ་ཆུས་མཛེས། གནས་འདི་རུ་འཚོ་ཞིང་སྤྱོད་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས། གཡུ་ཞུན་གྱི་མདངས་ལ་འཁུ་བའི་སྤང་ལྗོངས་རྣམས་སུ་ཤྭ་བ་དང་གནའ་བས་གཙོས། རི་དྭགས་རྣམས་མ་བུ་ཆ་སྡེབས་ཀྱིས་བག་ཡངས་སུ་རྒྱུ་ཤིང༌། མཚོ་དང་མཚེའུ་རྣམས་སུ་ཆུ་བྱ་ངང་ངུར་དང་ཁྲུང་ཁྲུང་སོགས་སྐྱར་རྩལ་ལ་རོལ་བ། ནགས་ཀླུང་ཚང་ཚིང་རྣམས་སུ་རྣ་བར་སྙན་ཞིང་འཇེབས་པའི་དྲུག་འགྱུར་ཀྱི་མགྲིན་སྒྲ་མཐོ་ལ། འདབ་གཤོག་གི་སྤུ་སྡུག་རྣམ་པར་བཀྲ་བའི་བྱ་དང་བྱིའུའི་ཚོགས་རྣམས་འཕུར་ལྡིང་ལ་རྩེན་པ། གཞན་ཡང་ཁོ་ར་ཁོར་ཡུག་ཏུ་རྐང་འཐུང་གཡུ་ཡི་ལོ་འདབ་རྒྱས་པའི་ནགས་ཚལ་གྱིས་འཁོར་བའི་ཁྲོད་དུ་འཇིགས་པའི་མཆེ་སྡེར་རྒྱས་པའི་འཕར་གཟིག་གསའ་དྲེད་སོགས་ངར་སྐད་སྒྲོགས་ཤིང་རྒྱུ། གནས་འདིར་ནམ་ཟླའི་འགྱུར་ལྡོག་ལ་ལྟོས་པའི་འཁོར་ཡུག་གི་རྣམ་པ་ཡང༌། བཀའ་གདམས་གླེགས་བམ་ལས༌། །རི་པདྨ་སྟོང་ལྡན་དབྱིབས་ལེགས་པ། །དུས་དགུན་གསུམ་དཀར་པོ་ཤེལ་གྱི་མདོག །དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །དུས་སྟོང་གསུམ་སེར་པོ་གསེར་གྱི་མདོག །དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ། །ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད།།ཅེས་གསུངས་པ་ཇི་བཞིན་མཛེས་བཀོད་ཕུན་སུམ་ཚོགས་པ་བཀྲ་ཤིས་ནགས་ཀླུང་འབབ་པའི་མཛེས་ལྗོངས་དེའི་སྣོད་བཅུད་ཀྱི་དགེ་མཚན་བླ་ན་འབར་བ་མཐོང་ན་ཡིད་འཕྲོག་པ། བསམ་ན་བག་ཕེབས་པ་ཡོད། ཡུལ་སྤྱིའི་ས་བབས་ནི། ནགས་ཤོད་འབྲི་རུའི་ལོ་རྒྱུས་ལས།

ཤར་དང་ཤར་ལྷོའི་ཕྱོགས་དམའ་བ་དང༌།ནུབ་དང་ནུབ་བྱང་ཕྱོགས་ཅུང་མཐོ་བ་ཡོད་པ་དང༌། གོ་ལའི་ཤར་གྱི་གཞུང་ཐིག་༩༡་༤༧། ༩༤་༢༧ དང༌། བྱང་གི་འཕྲད་ཐིག ༣༡་༡༢། ༣༢་༢༠ བར་ན་གནས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་རྨིད་ ༤༠༠༠ ཡོད། ལོ་རེའི་ཆར་ཆུའི་འབབ་ཚད་ཧོའོ་རྨིད་༥༨༠ནས་༦༥༠བར་ཟིན་གྱི་ཡོད།

ས་བབས་ཀྱི་ཁྱད་ཆོས་ནི་དབྱར་ཁར་ཚ་བ་ཆུང༌། ཉི་མ་འཆར་ཡུན་རིང༌། ཉི་འོད་འོག་ཏུ་རླངས་ཆུའི་གྲུབ་ཆ་ཉུང༌། ཆར་དང་ཁ་བ་ཅུང་མང༌། མཁའ་དབུགས་དྭངས་ཤིང་ཁོར་ཡུག་གཙང་ཞེས་དང༌། རྩི་ཤིང་དང་རྩ་ཆེའི་རི་སྐྱེས་སྔོ་སྨན་རིགས་ཀྱི་འབྱུང་ཁུངས་ཡིན་པ་ནི་ནགས་ཤོད་སྦས་ཡུལ་སྨན་ལྗོངས་ཞེས་མིང་དོན་མཚུངས་པ་ད་ལྟའི་དུས་སུ་སྨན་རིགས་ལག་སོན་ཡོད་པ་རྣམ་གྲངས་༣༠༠ལྷག་ཡོད་པ་གསལ།

གཞན་ཡང་གཏེར་དངོས་སོགས་རང་བྱུང་གི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་དོ། །ནགས་ཤོད་འདི་བཞིན་སྤྱི་ལོའི་དུས་རབས་བདུན་པ་ཆོས་རྒྱལ་སྲོང་བཙན་སྒམ་པོས་སུམ་པ་སོགས་དབང་དུ་བསྡུས་ནས་བོད་ཁམས་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་ཁབ་བཙུགས་ཏེ། བོད་ཁ་བ་གངས་ཅན་གྱི་ལྗོངས་དེར་སྟོད་སྨད་བར་གྱི་དཔའ་སྡེ་གསུམ་དང༌།གཙང་ལ་གཡས་རུ་དང་རུ་ལག །དབུས་ལ་དབུ་རུ་དང་གཡོ་རུ། དེ་མིན་སུམ་པའི་རུ་སྟེ་རུ་ཆེན་ལྔར་དབྱེ་བ། རུ་རྣམས་དམག་དཔུང་གི་རུ་སྡེ་དྲུག་ཅུ་རྩ་གཅིག །གཞན་ཡང་འཁོས་ཆེན་པོ་ལྔ་དང་བཅོ་བརྒྱད་ལ་སོགས་པ་དབྱེ་མཚམས་དུ་མར་བཟོས་པ་ལས་ནགས་ཤོད་འདི་བཞིན་བོད་བཙན་པོའི་སྟོད་སྨད་བར་གྱི་དཔའ་སྡེ་གསུམ་གྱི་ནང་ནས་བར་གྱི་དཔའ་སྡེ་ནགས་ཤོད་ཅེས་ཡོངས་སུ་གྲགས་པ་དེ་ཡིན། འདིའི་སྐོར་འགོམ་བསྟན་འཛིན་ཆོས་དབྱིངས་ཀྱིས་རྒྱས་ཙམ་བཀོད་འདུག་པ་ནི། མེས་པོའི་བྱུང་བ། ཤོག་གྲངས། ༧༦ ཕྲེང༌། ༢༢ལས། ལྡེའུ་ཆོས་འབྱུང་དེབ་ངོས། ༢༧༤ བར་གྱི་དཔའ་སྡེ་ནི། རི་སྤེན་མ་ལུང་གི་ཡར་བཅད། ཆགས་སྒོ་དང་པས་མར་བཅད་པའི་ (ཆབ་སྐོར་དར་པས་མར་བཅད་པའི་)ཡུལ་དེ་ན་རྒྱ་སྡེ་བཅུ་གཉིས་ལ། (རྦས་སྡེ་བཅུ་གཉིས་) ནགས་ཤོད་སྟོང་བུ་ཆུང་གིས་དཔོན་བྱས་ཏེ། ལྗང་མོ་ཐག་མདུང་ཅན་གླང་པོ་ཆེའི་མདུང་ཁུར་ཏེ། དམག་དང་བཅས་ནས་འོང་པ་ལ། འཐབ་པའི་ཚེ། དཔའ་རྟགས་སུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚ་ལེབ་རྒྱབ་ཏུ་གོན། སླར་མི་ལྡོག་པའི་བསམ་པ་དང་བཅས་ཏེ། དཔའ་བོའི་རལ་ཁ་བྱས་པས་ན་དཔའ་བའོ་ཞེས་དང༌། རླངས་ཀྱི་པོ་ཏི་བསེ་རུ་དེབ་ངོས་ ༣༢ རླངས་དོ་ཞེས་ལྷ་རུ་གཡུ་དགུང་པོ་དེ་མཆོད་ནས། ལྗང་ལ་དམག་བྱས་ལ། ལྗང་གི་ཐོག་མདའ་ནག་པོ་དེ་བཏེགས། ལྗང་མི་དུག་ཅན་གྱི་མིག་དེ་ཕྱུང༌། དེའི་དཔའ་རྟགས་ལྗང་གི་རལ་གྲི་ངོ་དེ་དང༌། འོད་འབར་མ་དེ་ཐོབ་པས་དེ་བས་ན་ནག་པོ་ལྗང་གི་འདུལ་དཔོན་ཡང་ལྷ་རིགས་རླངས་ཡིན་གསུངས་པ་བཞིན་བོད་བཙན་པོའི་དམག་དཔུང་སུམ་པའི་ཤར་ལྷོ་གནས་པའི་ལྗང་ཡུལ་ལ་དམག་དྲངས་སྐབས། ཤིན་ཏུ་དཔའ་རྩལ་ཆེ་བའི་ལྗང་མོ་ཐག་མདུང་ཅན་དམག་གསེབ་ཏུ་རྒྱུགས་པ་ལ། ནགས་ཤོད་པས་རལ་གྲིའི་ཤུབས་བཅག་པའམ་རི་མོ་བྲིས་ནས་སླར་མི་འཁོར་བར་ཐག་བཅད། དུར་རྒྱག་ལྟོར་ཟས་ཞེས་ཟས་ཀྱི་ཐ་མ་ཡིན་པར་ངེས་ཆོད། ཚེ་སློག་རྒྱབ་ཏུ་གོན་ཞེས་པས་གོས་ཀྱི་ཐ་མ་ཡིན་རྒྱུ་ངེས་ཆོད། ཅེས་པས། སླར་མི་ལྡོག་པའི་སེམས་ཐག་བཅད་ནས་དམག་ལ་རྒྱུག་པས་ལྗང་མོ་ཐག་མདུང་ཅན་ཚར་བཅད་ནས་ལྗང་ཡུལ་དབང་དུ་བསྡུས་པས་བར་གྱི་དཔའ་སྡེ་ཞེས་མཚན་སྙན་སྲིད་མཐའ་མི་ཉམས་པའི་ཕྱིར་དུ་བོད་བཙན་པོས་བསྟོད་པ་གསུམ་གྱིས་བསྟོད། བོད་བཙན་པོའི་ཁྲིམས་སྲོལ་ལས། དཔའ་བོ་སྟག་གིས་མ་བསྟོད་ན། །དཔའ་བར་བྱེད་པའི་རུ་མ་མེད། མཛངས་མ་ཡིག་ཚང་གིས་མ་བསྟོད་ན། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། ལེགས་པ་བྱ་དགས་མ་སྟོད་ན། སླན་ཆད་ལེགས་པ་སུ་ཡིས་བྱེད། ཅེས་དང༌། དགྲ་ལྷའི་བསང་གསོལ་ཁག་ལས། དཔའ་པོ་སྟག་གི་ཆ་ག་ཅན། ངར་མ་གཟིག་གི་ཐིག་ལེས་བརྒྱན་ཞེས་པས། དམིགས་བསལ་ཅན་དཔའ་ངར་ཆེ་བ་སྟག་གཟིག་དང་མཚུངས་པར་བསྟོད་པ་ཡིན། བར་གྱི་དཔའ་སྡེ་ནགས་ཤོད་སྟོང་བུ་ཆུང་ནི་ཅུང་ཞིག་སྟོང་ཁ་མ་ལོངས་ཀྱང༌། ལྗང་ཡུལ་བཏུལ་སྐབས་དཔའ་རྟགས་དགུང་ལ་བཞག་པས་དཔའ་བའི་རྟགས་སུ་སྟག་སློག །ངར་བའི་རྟགས་སུ་གཟིག་སློག་སོགས་གནང༌། དེ་ནས་རིམ་པར་སྟག་གཟིག་གི་པགས་པས་གོས་མཐར་ཆ་ག་སྤྲོད་སྲོལ་བྱུང་བས་གླིང་སྒྲུང་ལས་ཀྱང༌། དམག་སྟག་ཤམ་ཅན་ལ་བརྒྱ་ཚོ་གཅིག །དམག་གཟིག་ཤམ་ཅན་ལ་བརྒྱ་ཚོ་གཅིག་ཅེས་དང༌། རིམ་བཞིན་སྡེ་ཚོའི་དཔོན་དང༌། དགོན་པའི་སྡེ་པ་ལ་ཡང་སྟག་གདན་སོགས་རིམ་པར་དར། བཙན་པོས་མི་སྡར་མ་ལ། སྨད་པ་གསུམ་ལས། སྡར་མ་ཝ་ཞུས་མ་སྨད་ན། དཔའ་དང་སྡར་མ་ཤན་མི་ཕྱེད་ཅེས། སྡར་མ་ཝ་བྲོས་རྒྱག་མཁན་ལ་ཝ་ཞུ་བསྐོན་ནས་མི་རྣམས་ཀྱིས་མཚང་འབྲུ་བྱེད་པ་ཡིན་པས། བཙན་པོའི་རྒྱལ་རབས་ སྔར་ནས་ཉམས་ནའང་དཔའ་རྟགས་དང་སྨད་རྟགས་གཉིས་ཀ་ད་ལྟའི་བར་དུ་དུས་སྟོན་གྱི་ཟབ་འཕྱོར་དུ་སོང༌། དེའི་ས་ཆ་ནི་ད་ལྟ་ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་དང༌།ཡུན་ནན་ཞིང་ཆེན་བདེ་ཆེན་རྫོང༌། བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ་བཅས་ཡིན་ནམ་སྙམ་ཞེས་བྲིས་པས། དེ་ལྟར་མ་ཡིན་ཏེ། བོད་ཀྱི་སྟོང་སྡེ་རེ་གཅིག་ལས་བར་གྱི་དཔའ་སྡེ་དེ་ཉིད་དཔའ་རྟགས་དགུང་ལ་བཞག་པས༌། མཐའ་ཡི་སོ་ཁ་བསྲུང་པའི་དམག་དཔུང་དམིགས་གསལ་ཅན་ཞིག་ཡིན་པས་དེ་ལྟར་བཏགས་པ་དང༌། བཙན་པོས་ལྗང་ལ་དམག་དྲངས་སྐབས་ལྗང་བཏུལ་བ་ལས། ལྗང་དང་ས་མཚམས་ཡིན་པས་མི་ཁྱབ་སྟེ། དཔེར་ན་སྨད་ཀྱི་དཔའ་སྡེ་ཕྱུགས་མཚམས་ནི་དབུ་རུ་སྟོད་ཀྱི་སྟོང་སྡེའི་ནང་ཚན་ཡིན་པས་སོ།

བར་གྱི་དཔའ་སྡེ་ནགས་ཤོད་སྟོང་བུ་ཆུང་ཞེས་པ་ནི་ས་ཆའི་དམག་དཔུང་གི་མིང་ལས་དམག་གི་དཔོན་གྱི་མཚན་མ་ཡིན་ཏེ་དེའི་སྐབས་སུ་དམག་དཔོན་ནི། རླངས་པོ་ཏི་བསེ་རུ་དེབ་ངོས་ ༣༢ རླངས་དོ་ཞེས་ལྷ་རུ་གཡུ་དགུང་པ་དེ་མཆོད་ནས་ལྗང་ལ་དམག་བྱས། ལྗང་གི་ཐོག་མདའ་ནག་པོ་དེ་བཏེགས། ལྗང་མི་དུག་ཅན་གྱི་མིག་དེ་ཕྱུང་ཞེས་པས། དཔོན་གྱི་མཚན་ལ་རླངས་དོ་ཞེས་འབོད་པ་དེ་ཡིན་པར་ངེས། ཞེས་གསལ། རུ་ཆེན་ལྔ་པ་སུམ་པའི་རུ་སྡེ་ལ་སྟོང་སྡེ་བཅུ་གཅིག་དབྱེ་བའི་ནང་ཚན་ནགས་ཤོད་སྟོང་བུ་ཆུང་ཞེས་པ་དེ་ཡིན། དེ་ཡང་ནི། སུམ་པ་ཆོས་འབྱུང་མཁས་པའི་དགའ་སྟོན་ ༡༨༨ ལས། རྩེ་མཐོང་ཕོ་མཐོང་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ་ཞེས་དང༌། དེ་ཡི་དོན་ཡང་དུང་དཀར་ཚིགས་མཛོད་ཆེན་མོ། དུང་དཀར་བློ་བཟང་འཕྲིན་ལས། ཤེས་རིག་དཔར་ཁང༌། ཤོག་གྲངས། ༢༠༤༢ ཕྲེང༌། ༢༤ ལས་སུམ་པའི་ཡུལ་འདི་ས་གནས་གང་དུ་ཡོད་མེད་སྐོར་ལ་ལོ་རྒྱུས་སྨྲ་བའི་མཁས་པ་ཚོའི་གསུང་ཚུལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་ཀོང་སྤྲུལ་རིན་པོ་ཆེ་ཡོན་ཏན་རྒྱ་མཚོས་མཛད་པའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ནང་སྨར་ཁམས་ཀྱི་ཡུལ་འདི་ཡིན་གསུངས་པ་དེ་ཆོས་འབྱུང་མཁས་པའི་དགའ་སྟོན་ནང་དུ་གསལ་བའི་རྒོད་ཚང་སྟོད་སྨད་གཉིས་དང༌། ནགས་ཤོད་ཅེས་དེང་སང་ས་མིང་དཀར་ཆག་ནང་བར་ཁམས་རྒྱུད་ཀྱི་ས་ཆའི་གྲས་སུ་གསལ་པོར་འཁོད་པ་རྣམས་ཡོངས་སུ་མཐུན་པ་འདུག་པས་མདོ་སྟོད་ཀྱི་ས་གནས་རྣམས་སུམ་པའི་ཡུལ་དུ་ངོས་འཛིན་བྱེད་ཆོག་པ་འདུག་སྙམ། ཞེས་དང༌། ཡང་དེ་ཉིད་ཀྱི་ཤོག་གྲངས། ༡༤༧༨ ཕྲེང༌། ༢༢ ལས་བྱང་ནགས་ཤོད་གཟི་འཕྲང༌། བར་ཁམས་རྒྱལ་ཤོད་སྟག་པ་ཚལ་ནས་བརྩིས་པའི་བྱང་ནགས་ཤོད་ཁུལ་གྱི་འཕྲང་འགག་གཅིག་གི་མིང༌། ཞེས་དང༌། ལྡེའུ་ཇོ་སྲས་ཀྱིས་མཛད་པའི་ལྡེའུ་ཆོས་འབྱུང༌། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༡༡ ཕྲེང༌། ༣ ལས་སུམ་པའི་རུ་མཚམས་ནི། ཤར་གཉེན་ཡུལ་བྲག་ར། ལྷོ་སྨིར་ཏི་ཆུ་ནག །ནུབ་ཡེལ་ཞབས་སྡིང་པོ། བྱང་ནགས་ཤོད་གཟི་འཕྲང༌། དབུས་ཚད་རྒྱལ་ཤོད་སྟག་པ་ཚལ་གྱིས་བྱས་པའོ། ཞེས་དང༌། བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ། ཤོག་གྲངས། ༧༢ ཕྲེང༌། ༡༦ ལས། དེ་མིན་སུམ་པའི་ཡུལ་གྱི་ལྟེ་བ་རྒྱལ་ཤོད་སྟག་པ་ཚལ་བྱ་བ་དེང་གི་འབྲི་རུ་རྫོང་རྒྱལ་མོ་རྔུལ་ཆུའི་རྒྱུད་གཡང་ཤོད་ཡས་མས་དང༌། སུམ་པ་གླང་གི་གྱིམ་ཤོད་ཅེས་པ་དེང་གི་ཁྱུང་པོ་སྟེང་ཆེན་རྫོང་རྩེ་དྲུག་རྒྱུད་ཡིན་པར་ཅེས་ཀྱི་ཀྱང་སུམ་པའི་ཡུལ་བར་ཁམས་ཀྱི་ཕྱོགས་འདི་ཡིན་པ་གསལ་ལོ། ཞེས་གསུངས་པའི་སུམ་པ་རུ་ཡི་དབུས་ཚད་རྒྱལ་ཤོད་སྟག་པ་ཚལ་ཞེས་པ་ནི་མདོ་ཁམས་སྦས་ཡུལ་ལུང་གསུམ་སྨན་ལྗོངས་ཀྱི་ནང་ཚན་རོ་མ་རྒྱལ་གྱི་རྒྱལ་ཤོད་ཅེས་ཤིང་སྟག་པའི་ཚལ་གྱིས་གང་བའི་ཡུལ་འདི་ལ་རྒྱལ་ཤོད་སྟག་པ་ཚལ་ཞེས་འབོད། ད་སྐབས་སུ་སྨད་དཔལ་འབར་རྫོང་ཁོངས་དང༌། སྟོད་འབྲི་རུ་རྫོང་ཁོངས་སུ་གཏོགས་སོ།

ནགས་ཤོད་འདི་བཞིན་འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐུ་དུས་སུ།ཡུལ་མངའ་རིས་གུང་ཐང་ནས། རྒྱ་ཡི་མཆོད་རྟེན་དཀར་པོ་ཡན་དུ། དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མི་ ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་ས་ཚིགས་སམ་ཆོལ་ཁ་གསུམ་དུ་ཕྱེས་པའི་བར་པ་ མདོ་ཁམས་སྟོད་ཀྱི་ཁོངས་སུ་གཏོགས་པ་ནི། སླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་དང༌། ཁུངས་ ལྡན་གྱི་དེབ་ཐེར། ཆོས་འབྱུང་གསུང་འབུམ་ཁག་ཏུ་གསལ་བ། ས་དབྱིབས་ཆགས་སྟངས་ཀྱི་སྒོ་ནས་གྲུབ་པ་ཞིག་ཡིན། སྤྱིར་ནཌ་ཤོད་འདི་བཞིན་མདོ་དབུས་ཁམས་གསུམ་གང་དུ་གཏོཌ་ ཀྱང་ཆབ་སྲིད་ཀྱི་དགོས་འཁོ་དང་དཔལ་འབྱོར་གྱི་ཁེ་ཕན། དེ་བཞིན་འབྱུང་འགྱུར་གྱི་ཁེ་གྱོང་ སོགས་ཐོབ་ཤོར་གྱི་རེ་དྭོགས་གང་ཡང་མེད་ཀྱང༌། བྱུང་རབས་ལ་དངོས་ཐོག་བདེན་འཚོལ་གྱི་ དོན་དངོས་སྲོང་པོར་བརྗོད་དགོས་པ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན། དེ་ལྟར་ཡང་རླངས་ ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཀྱི་སྤྲེའུ་དང་ འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོར་མ་དང་འདྲ། ཡབ་མེས་ཀྱི་ཡིག་ ཚང་མ་ཤེས་ན། མོན་ཕྲུག་ཡུལ་བོར་དང་འདྲ། ཞེས་གསུངས་པ་བཞིན་ནོ།

འདི་ཉིད་གང་དུ་གཏོགས་པའི་མདོ་ཁམས་ཡུལ་གྱི་ཆགས་དབྱིབས་ནི།མིའུ་འདྲ་ཆགས་ལས། །མདོ་ཁམས་གདུགས་ཆེན་བརྐྱང་པ་འདྲ། །སྒང་ཆེན་ཕག་མོ་ཉལ་བ་འདྲ། །སྒང་ཕྲན་ཕོ་གུས་བསྣུར་བ་འདྲ། །རི་བོ་ཁྲི་གདུགས་བརྐྱངས་པ་འདྲ། །རི་མགོ་རྨོག་ཕོར་སྒོར་བ་འདྲ། །རི་རྩེ་མདུང་མོ་གཤིབ་པ་འདྲ། །ཐང་ནི་དར་དཀར་བདས་པ་འདྲ། །དེ་མདོ་ཁམས་ས་ཡི་འདྲ་ལུགས་ཡིན། ཞེས་པ་དང༌། དུང་དཀར་ཚིག་མཛོད། ཤོག་གྲངས། ༡༡༣༦ ཕྲེང༌། ༢༠ ལས། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་མི་ཡི་ཆོལ་ཁ། ཡང༌། མདོ་སྟོད་ལ་ནང་གསེས་ཀྱི་ཕྱེ་ན་ཆུ་བཞི་(ནི་རྫ་ཆུ། རྒྱལ་མོ་རྔུལ་ཆུ། འབྲི་ཆུ། ཟླ་ཆུ) དང་སྒང་དྲུག་(ནི་ཟལ་མོ་སྒང༌། ཚ་བ་སྒང༌། སྨར་ཁམས་སྒང༌། སྤོ་འབོར་སྒང༌། དམར་རྫ་སྒང༌། མི་ཉག་རབ་སྒང་)ཏུ་ཕྱེ་བ་ཡིན་ནོ། ཞེས་གསུངས་པ་ལྟར་སྒང་དང༌། གཤོང་འབུར་ཐང་བཅས་ས་ཆའི་ཆགས་སྟངས་དང་བསྟུན་ནས་ཐ་སྙད་སྣ་ཚོགས་བཏགས་པ་ནི། མིའུ་འདྲ་ཆགས་ལས།ས་བཅད་ཡུལ་བགོས་སྲིད་པས་བྱས། །ཡུལ་མཚམས་ཐམས་ཅད་ཆུ་ཡིས་ཕྱེ། །ཡུལ་རེར་ཆུ་རེ་མིང་དུ་བཏགས། །ཞེས་པ་ལྟར་ཁམས་ཀྱི་སྲིང་མོ་རྫོང་གསུམ། མདོ་ཁམས་ཀྱི་ཆུ་ཆེན་གསུམ། མདོ་ཁམས་སྒང་བཞི། མདོ་ཁམས་ཆུ་བཞི་སྒང་དྲུག །མདོ་ཁམས་སྒང་ལྔ།མདོ་ཁམས་ཕྱུག་དྲུག །མདོ་ཁམས་རོང་དགུ །མདོ་ཁམས་ཤོད་ཆེན་བཅོ་བརྒྱད་བཅས་དུ་མར་བཤད་པ་ལས། ཁམས་ཀྱི་སྲིང་མོ་རྫོང་གསུམ་ནི་ནགས་ཤོད་རང་ལ་ཆགས་པ་ནི་བསླུ་མེད་རྡོ་རྗེའི་ལུང་གིས་ཟིན་པ་ཞིག་ཡིན་ཏེ། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོར་དྲངས་པའི་ལུང་བསྟན། ཨོ་རྒྱན་གླིང་པའི་བཀའ་ཐང་ཤེལ་བྲག་མ་དང༌། རྡོ་རྗེ་གླིང་པའི་རྣམ་ལྕག་མ། པདྨ་གླིང་པའི་བཀའ་རྒྱ་མ། སངས་རྒྱས་གླིང་པའི་པུ་རི་མ་རྣམས་ལས། ཚིག་གཅིག་དབྱངས་གཅིག་གིས། མི་ལ་ལུས་ཆས་ཡ་མ་ཟུང་དུ་འོངཿ དམ་པའི་ཆོས་ཀྱང་ཡ་མ་ཟུང་དུ་འགྲོཿ དགེ་རྒྱས་བྲིས་པའི་རི་མོ་ཤུལ་རྗེས་འོངཿ ཁམས་ཀྱི་སྲིན་མོ་རྫོང་གསུམ་གཏེར་ཁ་འདིཿ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་བྱུངཿ ཁམས་པ་ཉི་མ་གྲགས་པའི་མཚན་ཅན་འབྱུངཿཞེས་དང༌། ཡང་དེ་ཉིད་དུ་དྲངས་པ། རང་གཏེར་བླ་མ་བདེ་མཆོག་གི་ཆོས་ཚན་ལས། ང་ཡི་སྦས་པའི་གཏེར་ཁ་རྣམསཿ ཁམས་པ་ཉི་མ་གྲགས་པས་སྤྱོདཿ ཅེས་གསལ་བར་བསླུ་མེད་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པའི་ཁམས་ཀྱི་སྲིན་མོ་རྫོང་གསུམ་ནི་ནགས་ཤོད་ཡིན་མིན་དྭོགས་མི་དགོས་པ་ནི། ཡང་དེ་ཉིད། ཤོག་གྲངས། ༣༩༩ ཕྲེང༌། ༡༥ ལས། བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར་ཞེས་གསུངས་པ་བཞིན། ཁམས་ཀྱི་སྲིན་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་སོགས་གདན་དྲངས།ཞེས་དང༌། པདྨ་གླིང་པའི་གཏེར་ལུང་ལས། ནགས་ཤོད་རི་ལ་སྦས་པའི་དི་ར་བདུནཿཞེས་དང༌། ཡང་དེ་ཉིད་ལས་ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོརཿ ཞེས་ནགས་ཤོད་ཅེས་གསལ་བར་གསུངས་པ་འདི་ལས་གཞན་པའི་ཁམས་ཀྱི་སྲིན་མོ་རྫོང་ཞིག་བརྒྱ་བྱིན་མིག་སྟོང་ལྡན་པས་བཙལ་ཀྱང་རྙེད་དུ་མེད་དོ། ། ཁམས་ཀྱི་ཆུ་ཆེན་གསུམ་གྱི་ནང་ཚན་ནགས་ཆུའི་ཆུ་མགོ་ཨ་མདོ་སྐྱ་ནག་མཚོ་ནས་ནག་ཆུ་བརྒྱུད་ཆུ་ཕྲན་མང་པོ་འདྲེས་ཏེ་མཐར་མདོ་ཁམས་ནགས་ཤོད་སྦས་ཡུལ་ལྗོངས་ནས་འབབ་པའི་ཆུ་ཆེན་དེ་ལ་བར་གྱི་ཚིག་སྣ་བསྡུས་ཏེ་ནགས་ཆུ་ཞེས་འབོད། དཔེར་ན་ཡུལ་སོག་ཤོད་ལུང་པ་ནས་འབབ་པའི་ཆུ་ལ་སོག་ཆུ་དང༌། ཡུལ་རྒྱལ་ཤོད་ལུང་པ་ནས་འབབ་པའི་ཆུ་ལ་རྒྱལ་ཆུ་ཞེས་འབོད་པ་བཞིན་ནོ།

ཁམས་ཀྱི་ཆུ་ཆེན་གསུམ་ནི། སུམ་པ་ཆོས་འབྱུང༌། ཀན་སུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༦༥༤ ཕྲེང་ ༡༠ ལས།ཁམས་ཀྱི་ཆུ་ཆེན་གསུམ་ནི། སྟོད་སྐྱ་ནག་མཚོ་ལས་བྱུང་བའི་ནགས་ཆུ། བར་སྔོ་ཆུ། མཐར་གླ་ཆུ་ཟེར་བའི་ཆུ་རྒྱུན་ཅིག་དང༌། རྫ་ཆུ། འབྲི་ཆུ་སྟེ། ཞེས་གསུངས། མདོ་ཁམས་ཆུ་བཞིའི་ནང་ནས་རྒྱལ་མོ་དངུལ་ཆུའི་ཆུ་རྒྱུད་དུ་གནས་པ་ནི།གོང་དུ་དྲངས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་དང༌། དེ་དང་མཐུན་པར་བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༩༩༧ ཕྲེང་ ༡༠ སྨད་ཆ་ལས། འབྲི་རུ། རྫོང་ཞིག །ནགས་ཤོད་འབྲི་རུའང་ཟེར། བོད་རང་སྐྱོང་ལྗོངས་ཀྱི་བྱང་ཤར་རྒྱལ་མོ་དངུལ་ཆུའི་སྟོད་རྒྱུད་ན་ཡོད། ཅེས་དང༌། ནགས་ཤོད་འདི་བཞིན་མདོ་ཁམས་སྒང་བཞིའི་ནང་ནས་ནགས་ཤོད་ཆུ་སྒང་རིང་མོ་བྱ་བ་དེ་ཡིན། སྒང་བཞི་ནི། བོད་ལྗོངས་ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་པ། རི་དབང་དཀོན་མཆོག་བསྟན་འཛིན། ཡང་ན་སྒང་བཞི་ནི་ནགས་ཤོད་ཆུ་སྒང་རིང་མོ། ཚ་བ་མཛོ་སྒང་རིང་མོ། སྤོ་འབོར་སྟག་སྒང་རིང་མོ། མི་ཉག་རབ་སྒང་རིང་མོ། ཞེས་དང༌། མདོ་ཁམས་སྒང་དྲུག་གི་ནང་ནས་ཟལ་མོ་སྒང་གི་ཆར་གཏོགས་ཏེ། ཁམས་སྲིང་མོ་རྫོང་གི་གནས་ཡིག་དཀར་ཆགས། ཤོག་གྲངས། ༢ ཕྲེང༌། ༡༥ ལས། དེ་ལ་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སོགས་སུ་དབྱེ་བ་ལས། མདོ་ཁམས་ཟལ་མོ་སྒང་གི་ཆ། ཁམས་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་གོང་བར་བཞུགས་པའི་ཁམས་ཀྱི་སྲིང་མོ་རྫོང་ངམ་ཁམས་ཤག་རྒྱལ་བའི་ཕོ་བྲང། ཞེས་གསུངས། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཅེས་ཡོངས་སུ་གྲགས་པའི་ཤོད་བཅོ་བརྒྱད་ཀྱི་ནང་ནས་ནགས་ཤོད་ཅེས་པ་དེ་ཡིན། དེ་ཡང༌། རྙིང་མའི་ཆོས་འབྱུང༌།བོད་ནས་དཔར་སྐྲུན་བྱས་པ། ཤོག་གྲངས། ༧༨༤ ཕྲེང༌། ༢༤ལས། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་གསེས་ནགས་ཤོད་དུ། སེ་ཚ་གྲུབ་ཐོབ་ཏུ་གྲགས་པའི་བརྟུལ་ཞུགས་ཀྱི་སྤྱོད་པས་དྲེག་པ་ཅན་རྣམས་དབང་དུ་བསྡུ་བ་དང༌།

ཞེས་དང༌། ཡང༌། རྙིང་མའི་ཆོས་འབྱུང༌། བོད་ནས་དཔར་སྐྲུན་བྱས་པ། ཤོག་གྲངས། ༩༠༦ ཕྲེང༌། ༢༡ ལས། ཡང་མཆོག་སྤྲུལ་རིན་པོ་ཆེ་དེ་ཉིད་ཀྱི་ཞལ་སློབ་སྤྲུལ་པའི་གཏེར་སྟོན་ཀློང་ཆེན་རོལ་པ་རྩལ་ལམ་རིག་པའི་རྡོ་རྗེ་ནི། འཁྲུངས་ཡུལ་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ནགས་ཤོད་ཡར་ཐང་ཞེས་པར་ས་ཕོ་བྱི་བའི་ལོར་སྐུ་འཁྲུས།ཞེས་གསུངས། ནགས་ཤོད་འདི་ཡང་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་བགྲངས་པ་ནི། ལུང་པའི་ཆགས་བབས་དང༌། ས་ཆའི་འཁོར་ཕྱོགས། རྒྱུག་ཆུའི་འབབ་ཕྱོགས་ཀྱིས་ཆ་ནས་མདོ་ཁམས་ཀྱི་ཁོངས་སུ་གཏོགས་པས་ཡིན་གྱི། ཤོད་མིང་འཐོབ་པའི་རྒྱུ་མཚན་གྱིས་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ཁོངས་སུ་བགྲངས་པ་ཞིག་ག་ལ་ཡིན། དེ་ལྟར་ཡིན་ན་ལྷ་སར་སྐྱིད་ཤོད་ཅེས་ཡོངས་གྲགས་ཀྱི་ཤོད་མིང་ཡོད་པས་མདོ་ཁམས་ཤོད་ཆེན་བཅུ་དགུ་ཞེས་ བགྲངས་དགོས་ཚོད་ལ་དེ་ལྟར་མ་བགྲངས་པ་མདོ་ཁམས་ཀྱི་ཁོངས་སུ་མ་གཏོཌ་པས་ཡིན་ནོ། ། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ནི། མེས་པོའི་བྱུང་བ། འགོམ་བསྟན་འཛིན་ཆོས་དབྱིངས། མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༨༦ ཕྲེང༌། ༡༥ ལས། ད་ལྟ་ས་ཆ་དང་དངོས་སུ་ར་འཕྲོད་བྱུང་བ་ནི། ༡ ནགས་ཤོད། འབྲི་རུ་རྫོང་ཁོངས་ཀྱི་ས་ཆ་ཕལ་ཆེ་བ། ༢ སོག་ཤོད། སོག་གཡག་ལའི་ཁུལ། ༣ དཀར་ཤོད། སོག་རྫོང་ཁོངས། ༤ རེ་ཤོད། སོག་རྫོང་ཁོངས། ༥ རྒྱལ་ཤོད། སྟོད་འབྲི་རུ་དང་སྨད་དཔལ་འབར། ༦ ས་ཤོད། དཔལ་འབར་རྫོང་ཁོངས། ༧ དཔའ་ཤོད། དཔལ་འབར་རྫོང་ཁོངས། ༨ རྒྱང་ཤོད། སྟེང་ཆེན་རྫོང་ཁོངས། ༩ གྱིམ་ཤོད། སྟེང་ཆེན་རྫོང་ཁོངས། ༡༠ རྟ་ཤོད། སྟེང་ཆེན་རྫོང་ཁོངས། ༡༡ གཡི་ཤོད་དམ་གཡང་ཤོད་ནི་རི་བོ་ཆེའི་རྫོང་ཁོངས། ༡༢ དངུལ་ཤོད། ལྷོ་རོང་རྫོང་ཁོངས། ༡༣ རྔོད་ཤོད། མཛོ་སྒང་རྫོང་ཁོངས། ༡༤ ཟླ་ཤོད། ཆབ་མདོ་རྫོང་ཁོངས། ༡༥ ངོམས་ཤོད། ཆབ་མདོ་རྫོང་ཁོངས། ༡༦ རྨེ་ཤོད། སྡེ་དགེ་རྫོང་ཁོངས། ༡༧ སྨར་ཤོད། གོ་འཇོ་རྫོང་ཁོངས། ༡༨ ཀྲེ་ཤོད་དཀར་མཛེས་རྫོང་ཁོངས་ཞེས་གསལ་བ་དང༌། ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ། ཤོག་གྲངས། ༢༦༢ ཕྲེང༌། ༨ ལས། སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་ཆོས་འབྱུང་ ༢༦༢ ལས་གསལ་བ་བཅུ་ནི། རྒྱས་ཤོད། ས་ཤོད། རྟ་ཤོད། སྤགས་ཤོད། ནགས་ཤོད། ཏྲེ་ཤོད། སྔོ་ཤོད། རྨེ་ཤྭོད། རྒྱང་ཤོད། དོམ་ཤོད་བཅུ་དང༌། འབྲོང་པའི་དེབ་སྨུག ༦༤ ལས་གསལ་བ་བརྒྱད་ནི། གྱིམ་ཤོད། རྫོང་ཤོད། དཀར་ཤོད། ངམ་ཤོད། ཟླ་ཤོད། རྔུལ་ཤོད། སྨར་ཤོད། གཡང་ཤོད། ཅེས་བགྲངས་འདུག །ཅེས་གསལ། གཞན་ཡང་ནགས་ཤོད་འདི་བཞིན་མདོ་ཁམས་སྟོད་ཀྱི་ཁོངས་སུ་གཏོགས་པ་ནི་ཁུངས་ལྡན་གྱི་དེབ་ཐེར་དང༌། ཆོས་འབྱུང༌། དེ་བཞིན་གསུང་འབུམ་ཁག་ཏུ། མཁས་པ་རྣམས་ཐུགས་སྣང་གཅིག་མཐུན་གྱི་ངོས་འཛིན་མཛད་པའི་ཚད་འཛིན་བྱ་འོས་པའི་ཤེས་བྱེད་འགའ་ཞིག་ཡོད་པ་འདིར་དྲངས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་མཛད་པའི་བཀའ་ཆེམས་ཀ་ཁོལ་མ། ཀན་སུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༩༧ ཕྲེང༌། ༢ ལས། དེ་ནས་བློན་པོ་ཁམས་སྟོད་ནགས་ཤོད་སྙེ་བོ་ནགས་སུ་སླེབས་པ་ན། ནགས་ཤོད་ན་ཨོང་ཅོང་འཁོར་བཅས་འདུག་པ་རྒྱས་སོ།། ཞེས་དང༌། དེ་ཡི་དོན་ཡང་རྒྱ་བོད་ཡིག་ཚང་ཆེན་མོ། དཔལ་འབྱོར་བཟང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༡༥༨ ཕྲེང༌། ༣ ལས། བློན་པོ་མགར་རིག་པ་ཆེ་བས་རིགས་རྒྱུད་སྤེལ་བའི་ཕྱིར་དུ་ལོ་གཅིག་སྡོད་ དགོས་གསུངས། རྟིང་ལ་སྡད་དགོས་བྱུང་བའི་སྐབས་སུ་ན་རྫུ་བཏབ། རིམ་གྲོ་ལ་བསྙད་པའི་གཡོ་ཐབས་སྣ་ཚོགས་བྱས་ནས། རྒྱ་མི་མང་རབ་དང་བཅས་པ་ཁྲིད་ནས་ཡར་མགྱོགས་པར་ཡོང་བས། ཀོང་ཇོ་དཔོན་གཡོག་གི་ཕྱི་རྗེས་ཁམས་ཀྱི་ནགས་ཤོད་དུ་ཟིན། ཞེས་གསལ། དགེ་ལྡན་ཆོས་འབྱུང་བཻཌཱུར་སེར་པོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། བོད་ནས་དཔར་བསྐྲུན་བྱས་པ། ཤོག་གྲངས། ༣༣༡ ལས། མདོ་ཁམས་སུ་དགེ་ལྡན་པའི་རིང་ལུགས་དར་བའི་སྐོར་འཆད་སྐབས་ནགས་ཤོད་པའི་དགོན་སྡེ་རྣམས་འཆད་པ་དང༌། སུམ་པ་ཆོས་འབྱུང༌། ཀན་སུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༦༥༨ ཕྲེང་ ༡༦ ལས། ཁམས་སྟོད་ནགས་ཤོད་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་ནི་ཞང་ཞུང་ཆོས་དབང་གྲགས་པས་བཟུང༌།སྟར་མོས་ཆོས་འཁོར་གླིང་ནི་རྒྱ་ཟ་ཀོང་ཇུ་ཡར་བྱོན་དུས་ནས་བྱུང་ཟེར་ཞིང་དེའི་ལག་རབ་བརྟན་གླིང་ནི་ལྷ་རྩེ་བླ་མས་བཏབ། ར་ཁྱིམ་དར་རྒྱས་གླིང་ནི། ནགས་ཤོད་ལྷ་རྩེ་བ་གྲགས་རྒྱམ་དང༌། འབྲོང་ང་དགོན་ནི། དྲུང་བློ་གྲོས་བཀྲ་ཤིས་དང༌། ཤུགས་ཐང་རྣམ་རྒྱལ་ལྷ་རྩེ་ནི། རྗེ་ཡི་སློབ་མ་རྒྱ་སྟོང་བློ་བཟང་གྲགས་དང༌། སྟག་ལྡང་རི་བོ་དཔལ་འབར་དང༌། གཡབ་ཀྲབ་རི་བོ་མདངས་ལྡན་གཉིས་ནི། སྟག་ཕུ་གུ་ཤྲི་དཔལ་ལྡན་དོན་འགྲུབ་ཀྱིས་བཙུགས། རྦ་ལག་དགོན་ནི་དགེ་བཤེས་སྣེའུ་ཟུར་པས་བཟུང་ཡང༌། དེང་སང་འབྲི་གུང་བ་ཡིན། ཞེས་གསུངས། བོད་ སོག་ཆོས་འབྱུང༌། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན། གངས་ཅན་རིགས་བརྒྱའི་སྒོ་ འབྱེད་ལྡེ་མིག་དེབ་ ༡༨ ཤོག་གྲངས། ༨༡༤ ཕྲེང༌། ༡༠ ལས། ཁམས་སྟོད་ནགས་ཤོད་ཀྱི་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང༌། རྒྱ་བཟའ་ཀོང་ཇོ་ཡར་བྱོན་དུས་བྱུང་བ་སྟར་སྨོས་ཆོས་འཁོར་གླིང༌། རབ་བརྟན་གླིང༌། ར་ཁྱིམ་དགའ་ལྡན་དར་རྒྱས། འབྲོང་ང་དགོན། ཤུགས་ཐང་རྣམ་རྒྱལ་ལྷ་རྩེ། སྟག་ལྡང་རི་བོ་དཔལ་འབར། གཡག་ཀྲབ་རི་བོ་མདངས་ལྡན། རྦ་ལག་དགོན་སོགས་བཞུགས། ཞེས་དང༌། ཐུའུ་ཀྭན་གྲུབ་མཐའ། ཐུའུ་ཀྭན་ཆོས་ཀྱི་ཉི་མ། ཀན་སུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་གྲངས། ༣༣༡ ཕྲེང༌། ༢ ལས། འཕགས་པ་ལྷའི་སློབ་མ་ཞི་བ་བཟང་པོ་དང༌། ལྕགས་ར་སྤྲུལ་སྐུ་དང༌། རྒྱ་ར་སྤྲུལ་སྐུ་རྣམས་ཀྱི་སྐྱེ་རྒྱུད་དང༌། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་རྟ་ཚག་རྗེ་རིམ་བྱོན་དང༌། རྗེ་ཡི་དངོས་སློབ་གུ་ཤྲི་དཔལ་ལྡན་དོན་འགྲུབ་ཀྱི་སྐྱེ་བརྒྱུད། སྟག་ཕུ་སྤྲུལ་སྐུ་རྣམས་དང། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ལེགས་པའི་ཤེས་རབ་ཀྱི་སྐྱེ་བ་བྲག་གཡབ་སྤྲུལ་སྐུ་ཆེ་ཚང་དང༌། ཆུང་ཚང་གཉིས་སོགས་དམ་པའི་སྐྱེ་རབས་ཀྱི་ཕྲེང་བ་འཛིན་པའི་སྐྱེས་ཆེན་དུ་མ་དང༌། གཞན་ཡང་མཁས་པ་དང་གྲུབ་པའི་སྐྱེ་བོ་མང་དུ་བྱོན་པ་རྣམས་ཀྱིས་ཡུལ་ཕྱོགས་ཐ་དད་པ་མང་པོར་དགེ་འདུན་གྱི་སྡེ་བཙུགས་ནས་བཤད་སྒྲུབ་ཀྱི་བསྟན་པ་སྤེལ་བར་མཛད་པས། སྒང་དྲུག་རོང་དགུ། ཤོད་བཅུ། རུ་གསུམ་དུ་གྲགས་པའི་ཁམས་ཀྱི་ཆ་ཐམས་ཅད་དུ་དགེ་ལུགས་པའི་བསྟན་པ་དར་བ་གྱུར་ཏོ། ཞེས་དང༌། སྔ་འགྱུར་རྙིང་མའི་ཆོས་འབྱུང༌། གུ་རུ་བཀྲ་ཤིས། བོད་ནས་དཔར་སྐྲུན་བྱས་པ། ཤོག་གྲངས༌། ༣༩༩ ཕྲེང༌། ༡༥ ལས། དེ་ཚེ་སྲིན་མོ་རྫོང་གསུམ་ནས། ང་ཡི་སྦས་པའི་ཟབ་གཏེར་རྣམས། ཁམས་པ་ཉི་མ་གྲགས་ཀྱིས་སྤྱོད། འགྲོ་བའི་ཚེ་ཚད་བཞི་བཅུ་རལ། སུམ་བཅུ་ཉེ་བའི་དུས་ལ་སྟེ། ཞེས་གསུངས་པའི་ཉི་མ་གྲགས་པ་ནི་མདོ་ཁམས་ཟལ་མོ་སྒང་གི་སའི་ཆར་གཏོགས་པའི། ཞེས་དང༌། ཡང་དེ་ཉིད། ཤོག་གྲངས། ༣༩༩ ཕྲེང༌། ༡༥ ལས། བསྟན་གཉིས་གླིང་པའི་ལྟ་བ་སངས་རྒྱས་དགོངས་འདུས་ལས། ནགས་ཤོད་རི་བོ་སྲིན་མོ་རྫོང་གི་སྤོར་ཞེས་གསུངས་པ་བཞིན། ཁམས་ཀྱི་སྲིན་མོ་རྫོང་ནས་རྫོགས་ཆེན་རྩ་གསུམ་གསང་བ་སྙིང་ཐིག་སོགས་གདན་དྲངས། ཞེས་དང༌། ནགས་ལྷ་ཛམ་བྷའི་བསང་ཡིག །ནགས་ཤོད་སྟག་ཕུ། དཔེ་ཐུང་བྲིས་མ་ཤོག་གྲངས། ༨ ཕྲེང༌། ༤ལས། མདོ་སྟོད་ནགས་ཤོད་ཡུལ་ལྷའི་གཙོ་བོ་ཆེ། ཡོངས་ཤར་སྣ་ཚོགས་སྤྲུལ་པ་འགྲོ་བའི་མགོན། ཞེས་དང༌། གཏེར་སྟོན་བརྒྱ་རྩའི་རྣམ་ཐར། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། ཨོ་ཌི་ཡ་ནའི་ཆོས་པར་ཁང༌། ཤོག་གྲངས། ༢༡༥ ཕྲེང༌། ༧ ལས། ཁམས་སྟོད་དྭགས་པོ་གཏེར་སྟོན་ཉི་མ་གྲགས་པ་ནི། ཁམས་ཡུལ་སྟོད་དུ་འཁྲུངས། ལྷ་ལུང་དཔལ་རྡོར་གྱི་སྐྱེ་མཐར་གསལ། ཁམས་ཀྱི་སྲིན་མོ་རྫོང་ཞེས་བྱ་བ་ཁམས་དྭགས་པོའི་ཡུལ་སྒམ་པོ་གདར་གྱི་རིའི་རྒྱབ་ཕྱོགས་ཀྱི་སྦས་ཡུལ། ཞེས་དང༌། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ་པོད་ད་པ། དཔེ་རིང༌། ཤོག་གྲངས། ༡༩ ལས། མདོ་ཁམས་བསྟན་པའི་གསལ་བྱེད་སྟག་ཕུ་སྤྲུལ་སྐུ་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ། ཞེས་དང༌། གཞན་ཡང་ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་གདན་ས་མདོ་ཁམས་ནགས་ཤོད་ནས་དབུས་སུ་ཕེབས་སྐབས། ཁྲི་བྱང་རིན་པོ་ཆེའི་རང་རྣམ། དཔེ་གཟུགས། ཤོག་གྲངས། ༩༨ ལས། ཚོགས་མཆོད་གྲོལ་མཚམས་ཁྱབ་བདག་སྟག་ཕུ་རྡོ་རྗེ་འཆང་བློ་བཟང་འཇམ་དཔལ་བསྟན་པའི་དངོས་གྲུབ་བམ། པདྨ་བཛྲ་མཆོག་བར་ཁམས་ནས་ལྷ་སར་ཞབས་འཁོད་ཀྱིས་བཀའ་ཤག་ལྷོ་ཞེས་པར་བཞུགས་པའི་ཞབས་ཀྱི་པདྨོར་ཕྱག་བགྱིད་པའི་སྐལ་བཟང་ཐོབ་ཅིང༌། ཞེས་དང༌། ཞང་ཞུང་ཆོས་དབང་གྲགས་པའི་བསྟོད་ཚོགས། སངས་རྒྱས་འཁར་གྱིས་ལེགས་སྒྲིག་བྱས༌། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། མཛད་པ་པོའི་རྣམ་ཐར་མདོར་བསྡུས་ཤོག་གྲངས། ༤ ཕྲེང༌། ༧ ལས། ཁོང་ཉིད་ནགས་ ཤོད་ཆོས་སྡིངས་ཀྱི་དགོན་པ་སྦྲུལ་མདའ་རྣམ་རྒྱལ་དཔལ་འབར་གླིང་གི་གདན་སར་ཕེབས་ནས་རྒྱུན་བཞུགས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་འཁོར་ལོས་བསྟན་འགྲོར་སྨན་པའི་འཕྲིན་ལས་རྒྱ་ཆེན་པོ་གནང་ཞིང༌། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཕྱོགས་མཐར་སྤེལ་ནས་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་རྣམ་པར་རྒྱས་པ་ལ་ཕྱག་རྗེས་རྨད་དུ་བྱུང་བ་བཞག །དཔལ་དུས་ཀྱི་འཁོར་ལོའི་རྒྱས་འགྲེལ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པའི་རྗེས་སུ་འཇུག་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་གདན་ས་དེ་གར་མཛད། དེ་བས་གདན་སའི་ཆ་ནས་ཁམས་ཕྱོགས་ཀྱི་མཁས་པ་རྣམས་ཀྱིས་ཁོང་ལ་ནགས་ཤོད་པ་ཆོས་དབང་གྲགས་པ་ཞེས་ཀྱང་འབོད། ཅེས་གསལ། གོང་གི་ཚད་ལྡན་གྱི་ཡིག་རིགས་ཁག་ཏུ་གསལ་བའི་ལུང་རྣམས་འདིར་དྲངས་པ་ནི་ནགས་ཤོད་ཀྱི་ལོ་རྒྱུས་ལ་དཔྱད་གཞིར་ཕན་རེས་ཡིན་པ་ལས། ལུང་མིག་གིས་མཐོང་ཚད་ཕྱོགས་གཅིག་ཏུ་སྤུངས་པའི་ལྟ་ཚུལ་འཛིན་མི་རུང་ངོ༌། །ས་དབྱིབས་ཆགས་སྟངས་ཀྱི་སྒོ་ནས་གྲུབ་པ་ནི་གོང་དུ་དྲངས་པའི་ལུང་ཁག་དང༌། ཚད་ལྡན་གྱི་ས་ཁྲ་ལ་གཟིགས་ན་གསལ་ལེར་ཤར་བ་ཞིག་ཡོད། དཔེར་ན། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་དེབ་ཕྲེང་དང་པོའི་ནང་གི་ས་ཁྲ་དང༌། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་བྲིས་པའི་ས་ཁྲ། ཕུ་པ་དཔོན་ཚེ་རིང་སྟོབས་རྒྱལ་གྱིས་བྲིས་པའི་ཆུ་སྒང་དམག་གི་ལོ་རྒྱུས་ཞེས་པའི་ནང་གི་ས་ཁྲ་རྣམས་གཟིགས་ན་ཚེགས་མེད་དུ་ཤེས་ནུས་སོ།། བོད་བཙན་པོའི་རྒྱལ་རབས་དགུ་པ་འཇུག་རྫོགས་ནས། དབུས་གཙང་ཁྲི་སྐོར་བཅུ་གསུམ་ལས་གཞན་པའི་བོད་ཀྱི་ས་གནས་གཞན་ཁག་ཏུ་ཁ་འཐོར་གྱི་སྡེ་ཤོག་སོ་སོར་ཚོ་དཔོན་རེས་བདག་བཟུང་བྱས་པ་ལས། བོད་སྤྱི་ལ་དབང་བསྒྱུར་བའི་རྒྱལ་པོ་ཞིག་མ་བྱུང༌། དུས་རིམ་འདིའི་ནང་ངག་རྒྱུན་ལ་ནགས་ཤོད་ཚོ་དགུ་འདི་ལ་བོད་དུས་དང་སོག་དུས་སོགས་དུ་མར་དབྱེ་སྲོལ་ཡོད་པ་ནི་འབྲེལ་ཡོད་ཡིག་རིགས་གཞན་ཁག་ལས་ཤེས་པར་བྱའོ།།             

འབྲི་རུ་སྐལ་བཟང་རྒྱལ་མཚན།

 

རྩོམ་ཡིག་འདི་ཐེངས་ 1598 བཀླགས་འདུག

Related Articles