བཟང་གཏེར་དང་སྒྲོལ་སྲས་ཕ་བུ།

ལྷ་རྒྱལ།

མཐའ་མགོ་གྲོང་ཞེས་པ་དེར་སྔར་མི་ཚང་ཚོས་པ་ཚང་ཞེས་པ་འཚོ་ཐབས་སྐྱོ་གྲས་ཤིག་ཡོད་པར་དུས་རབས་ཉི་ཤུའི་ལོ་རབས་དང་པོའི་ནང་བུ་དགེ་རྒན་དང་། ཨ་ཆུང་། བཟང་གཏེར་བཅས་པ་བུ་ཕྲུག་མང་པོ་ཡོད་པའི་མི་ཚང་དེ་ནི་སྒོ་ཕྱུགས་འབྲི་གཡག་དང་ར་ལུག་ཉུང་ཤས་ཤིག་དང་། ཞིང་ས་ཕྲན་བུ་ལས་མེད་པར་འཚོ་རྟེན་བལ་ཚོས་རང་ལ་བརྟེན་གྱི་ཡོད་པར་སོང༌། མི་ཚང་མིང་ལ་ཚོས་པ་ཚང་བརྗོད། བུ་ཕྲུག་དེ་དག་ནང་ནས་བཟང་གཏེར་ཞེས་པ་ཞིག་ཡོད་པ་ནར་ལོན་སྐབས་མཁར་རེ་དཔོན་བུ་མོ་ཞིག་དང་དགའ་གྲོགས་ཆགས། བཟང་གཏེར་དབུལ་པོ་ཚོས་པའི་བུ་རྒྱུད་ཡིན་པར་སོང་མཁར་རེ་དཔོན་ཚང་གིས་བུ་མོ་དེ་བཟང་གཏེར་མཉམ་མི་ཚེ་སྐྱེལ་འཇུག་རྒྱུར་རྩ་བ་ནས་འདོད་པ་བྱེད་ཀྱི་མེད་ཀྱང༌། བུ་མོས་བཟང་གཏེར་མཉམ་འདུག་རྒྱུ་རང་ལས་ཕ་མའི་ཁ་བརྡ་ལ་ཉན་གྱི་མེད་པར། མཐར་བཟང་གཏེར་གྱི་བུ་ཕྲུག་ཅིག་འཁོར་ནས་མཁར་རེ་ཚང་གིས་བུ་མོ་དེ་ལ་སྡང་སེམས་ཆེན་པོ་བྱས་པ་མ་ཟད། བུ་མོ་དེ་ཕྲུ་གུ་སྐྱེ་སྐབས་སྐྱེས་གཡོག་ཡག་པོ་མ་བྱས་པ་མ་ཟད། བཟང་གཏེར་ཡང་ཐུག་འཕྲད་མ་བཅུག་པར་འབྲོག་པའི་སྦྲའི་སྒོ་གདོང་སྣེ་ཟུར་ཞིག་ལ་ཕྲུ་གུ་སྐྱེ་རུ་བཅུག །སྐབས་དེར་ནམ་དུས་གྲང་བའི་དགུན་དུས་ཤིག་ཡིན་ཞིང་། ནམ་དུས་གྲང་ངད་རྐྱེན་པས་མ་བུ་གཉིས་ཀ་འཁྱག་སྐྱོན་ཤོར་ནས་འདས་གྲོངས་གྱུར། དེ་ནི་བཟང་གཏེར་ལ་ཆ་བཞག་ན་བརྩེ་དུང་ལས་འབྲེལ་ཟབ་པའི་མི་ཚེའི་ཕུགས་མདུན་བརླགས་པ་རེད།

རིག་གསར་སྐབས་ཧུར་བརྩོན་པ་ཚོས་བཟང་གཏེར་ལ་མཁར་རེ་ཚང་གིས་རིགས་མཐོ་དམན་དབྱེ་ནས་བུ་མོ་དང་མཉམ་མི་ཚེ་སྐྱེལ་མ་བཅུག་པར་མ་བུ་གཉིས་ཀ་ཚེ་སྲོག་ཤོར་བའི་གནས་ཚུལ་བྱུང་ཡོད་པར་མཁར་རེ་དཔོན་ཚང་ལ་ངོ་རྒོལ་རྡུང་རྡེག་གཏོང་དགོས་པའི་སྐུལ་མ་དང་གནོན་ཤུགས་ཇི་ལྟར་སྤྲད་ཀྱང༌། བཟང་གཏེར་ནི་ཁོ་རང་གི་བྱེད་ཉེས་ནོར་འཁྲུལ་ཞིག་ལས་མཁར་རེ་དཔོན་ཚང་གི་བྱས་ཉེས་མིན་པར་བརྗོད་ནས་མཁར་རེ་དཔོན་ཚང་ལ་འཐབ་རྩོད་རྩོམ་དགོས་པའི་རྒོལ་གཏམ་ཚིག་ཙམ་ཞིག་ཀྱང་ཁ་ནས་ཐོན་མྱོང་མེད། དེ་བཞིན་བཟང་གཏེར་ཁྱིམ་མིང་ཚོས་པ་ཚང་ཟེར་དུས་སྔར་རིགས་དམའ་བའི་ཁྱིམ་དུད་ལྟ་བུ་ཞིག་བརྩི་ཡི་ཡོད་སྟབས། རིག་གསར་སྐབས་སྲིད་གསར་རྙིང་གི་འགྲན་བསྡུར་ཞེས་པ་དེ་སྔོན་དམའ་རིམ་རིགས་ཡིན་པ་རྣམས་ལ་སློབ་གསོ་ལམ་སྟོན་སྤྲད་ནས་སྔ་མོའི་སྲིད་རྙིང་པ་སྡུག་རབས་དང་སྲིད་གསར་པ་གུང་ཁྲན་ཏང་ཡག་རབས་བརྗོད་ནས་སྔ་མོའི་དཔོན་དང་མི་དྲག་རིགས་ལ་རྡུང་རྡེག་འཐབ་རྩོད་བྱེད་འཇུག་གི་ཡོད་ཀྱང༌། བཟང་གཏེར་དེ་རིགས་རྩ་བ་ནས་མ་གནང་བར་ང་ཚོ་དབུལ་པོ་དང་སྤྲང་པོ་ཆགས་པ་དེ་ཁོང་ཚོས་ང་ཚོའི་རྒྱུ་ནོར་འཕྲོག་བཅོམ་བྱས་སོང་བས་གང་ཡང་མིན། སོ་སོ་རང་ཉིད་ལ་བསོད་བདེ་མེད་པ་དང༌། སོ་སོས་མ་ནུས་མ་འཇོན་པ་ཞིག་ལས་མིན་པ་བརྗོད་ནས་བཟང་གཏེར་གྱིས་མི་གཅིག་ལ་ཁ་རྡུང་དང་ངོ་རྒོལ་མ་བྱས་པར་བརྟེན་འབྱོར་མེད་གྲལ་རིམ་རིག་གསར་ལ་ངོ་ལོག་པར་བརྩིས་ནས་གྲལ་རིམ་ཁོངས་སུ་བཞག །དེ་བཞིན་གུང་ཁྲན་གཞུང་ནས་འབྱོར་མེད་གྲལ་རིམ་རིགས་ལ་སྐབས་རེ་ཙམ་ལ་སྐྱོབ་གསོ་ཞེས་པ་འབྲུ་རིགས་ཕྲན་བུ་རེ་སྤྲད་སྲོལ་ཡོད་པ་དེ་ཡང་བཟང་གཏེར་ཚང་ལ་རྩ་ཆད་བཏང་བ་རེད། བཟང་གཏེར་ཚང་ལ་སྐྱོབ་གསོ་རག་གི་མེད་ཀྱང་རུ་ཁག་ཅེས་པ་དེ་མ་ཚུགས་བར་ཟ་རྒྱུ་འཐུང་རྒྱུའི་དཀའ་ངལ་དེ་ཙམ་མེད་པར་འབྱོར་བ་བཟང་རིགས་ནས་སྐྱོབ་གསོ་སྤྲད་པ་ལས་བཟང་བ་འཚོ་གོས་ཐོབ་ཀྱི་ཡོད།

བཟང་གཏེར་ཐོག་མའི་མཛའ་གྲོགས་དང་བུ་ཕྲུག་གཉིས་ཀ་འདས་གྲོངས་སུ་གྱུར་པའི་རྗེས་བཟའ་ཟླ་གཞན་ཞིག་ཕ་མས་གཉེན་སྒྲིག་བྱེད་བཅུག་པར་བུ་ཕྲུག་ཕོ་མོ་བཞི་ཙམ་བྱུང་། བུ་ཕྲུག་དེ་དག་ནང་གི་ཆེ་ཤོས་མིང་སྒྲོལ་སྲས་ཞེས་པ་ཞིག་ཡོད་ཅིང༌། དེ་ནི་ཕ་རང་དང་ལྟ་སྤྱོད་གཅིག་པ་རིག་གསར་བཙན་གནོན་ལ་ནམ་ཡང་མགོ་སྒུར་གྱི་མིན་ཟེར་མཁན་ཞིག་དང་། གཞན་ཁམ་ཆེན་དང་ཁམ་ཆུང་ཞེས་པ་གཉིས་ནས་ཁམ་ཆེན་ཞེས་པ་དེ་ཕ་བཟང་གཏེར་དང་ལྟ་སྤྱོད་ལོགས་ཀ་ཡིན་ཡང་། མཐའ་མའི་ཁྱིམ་ནང་འཚོ་སྐྱོང་བྱེད་མཁན་ཁམ་ཆེན་ཆགས་ནས་བཟང་གཏེར་འགྲོ་འདུག་མི་ཐུབ་པར་གདན་ལ་འབྱར་ནས་ལོ་མང་ལྷག་པར་ཁམ་ཆེན་གང་བྱས་འཚོ་ཐབས་རང་ལ་བརྟེན་རྒྱུ་རེད། དེ་འོག་བུ་ཁམ་ཆུང་ཞེས་པ་ནི་འཇོན་ཐང་དང་ལྟོ་གོས་གྲུང་པོ་གང་ཡང་མེད་པ་ཉམ་ཆུང་གཟུགས་རིད་སུ་གཅིག་ལ་ཁ་དགྲ་སྣ་དགྲ་གསོག་མི་ཤེས་མཁན་ཞིག་དང་། བུ་མོ་ཞིག་ཀྱང་ཡོད་པར་མིང་ལ་ཁྲ་མོ་ཟེར། བུ་ཕྲུག་རྣམས་ཁམ་ཆེན་དང་ཁམ་ཆུང་ཁྲ་མོ་ཞེས་མིང་བཏགས་དོན་ནི། ཁམ་ཆེན་དང་ཁམ་ཆུང་གཉིས་སྐྲ་དང་གདོང་གཤིས་སེར་པོའམ་ཁམ་མདོག་ཡིན་པར་སོང་སྐྲ་དང་ངོ་མདོག་ལ་བལྟས་ནས་མིང་ཐོགས་པ་དང༌། ཁྲ་མོ་ནི་མིག་ཆེན་པོ་ཁྲ་རིལ་ཅན་ཞིག་ཡོད་པར་སོང༌། ཁྲ་མོ་ཞེས་བཏགས་པ་རེད། མིང་འདི་རིགས་ནི་འཚོ་བའི་གནས་བབས་ཞན་པ་དང་བུ་ཕྲུག་མང་བའི་ཕ་མ་ཚོས་བུ་ཕྲུག་མིང་གདོང་རིས་རང་ལ་བལྟས་ནས་འདོགས་སྲོལ་ཞིག་ལས་མིང་བཀྲ་ལེགས་མིན་ལྟ་སྲོལ་མེད་པ་དེ་ནི་ཡུལ་སྡེའི་སྤྱི་འགྲོས་ཤིག་རེད། བུ་ཕྲུག་དེ་དག་གི་ཨ་མ་སྔ་ས་ནས་འདས་གྲོངས་གྱུར་ནས་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་འཚོ་ཐབས་ཀྱི་གནས་བབས་ཞན་པའི་ཐོག་བཟའ་ཟླ་འདས་གྲོངས་སུ་གྱུར་ནས་བཟང་གཏེར་ལ་གང་ཅིའི་ཐོག་དཀའ་ཚེགས་སྣ་མང་ཁུག་སྒོ་བརྒྱུད་དགོས་པ་བྱུང༌།

ཕ་བཟང་གཏེར་དང་བུ་སྒྲོལ་སྲས་གཉིས་ཀ་མིག་ཐང་པོ་རང་མེད་པ་ཟེ་ར་ཡིན་པ་དང༌། གཟུགས་དབྱིབས་དང་ལྟ་སྤྱོད་གཅིག་ཡིན་ཞིང༌། ༡༩༦༩ ལོར་ཕ་བུ་གཉིས་ཀ་གྱེན་ལོག་གི་སྣེ་ཁྲིད་དང་གུང་ཁྲན་ལ་ངོ་རྒོལ་གཙོ་གྲས་ཤིག་ཡིན་པར་སོང༌། རྗེས་སུ་ཕ་བུ་གཉིས་ཀ་བཙོན་ལ་ཚུད། ལོ་གཉིས་ཙམ་རྗེས་གཉིས་ཀ་བཙོན་འགྲོལ་ཐོབ་པ་རེད་དེ། ཟིང་འཁྲུགས་པའི་ཞྭ་མོ་གཡོགས་ནས་རྟག་པར་འཐབ་རྩོད་རྡེགས་རྡུང་ལོ་མང་མྱོང་དགོས་བྱུང་བ་མ་ཟད། ༡༩༧༤ ལོར་རུ་ཁག་ཅེས་པ་དེ་ཚུགས་ནས་སྔ་མོ་ལྟོ་གོས་བརྟེན་ས་དེ་ཚོ་ཡང་སྒོ་ཕྱུགས་དང་ས་ཞིང་ཡོད་ཚད་རུ་ཁག་ཅེས་པར་བསྡུས་སྟབས། ཚང་མ་འཚོ་བའི་དཀའ་ངལ་ནང་ལྷུང་ནས་སུ་གཅིག་ལ་འཚོ་གོས་རེ་ས་མེད་པར་འཚོ་བའི་ཐོག་དཀའ་ངལ་སྣོན་པ་ཞིག་འཕྲད། 

སྐབས་དེར་ཕ་བཟང་གཏེར་ལོ་ན་ཆེན་པོ་སླེབས་པ་བཅས་ཀྱིས་དཀའ་ཁག་སྣ་མང་ཞིག་བརྒྱུད་དགོས་པ་བྱུང་ཞིང༌།  སྒྲོལ་སྲས་རུ་ཁག་ནས་རྐུ་འཁྱེར་ཅི་ཐུབ་བྱས་ཀྱང་མིག་ཐང་པོ་མེད་པར་རྐུ་ཟས་མང་པོ་མ་ཐོབ་པ་མ་ཟད། ཉིན་ཞིག་རི་གསེང་ན་གཡག་ཅིག་བསད་པར་གཡས་གཡོན་ལ་མི་ཡོད་མེད་མ་མཐོང་སྟབས་རི་འགོ་དང་རྒྱ་ལས་འཇུ་བཟུང་བྱས་ཏེ་སླར་བཙོན་ལ་ལོ་གཅིག་ཉེ་བར་ཚུད། རུ་ཁག་ཅེས་པ་དེའི་འཚོ་གོས་ལས་བཙོན་ལྟོ་བཟང་བ་ཡོད་པར་སོང་། སྒྲོལ་སྲས་བཙོན་ཁང་ནས་གློད་བཀྲོལ་གཏོང་སྐབས་ང་ནག་ཅན་མི་སྣ་ཡིན་པར་སོང་བཙོན་ཁང་ནང་མུ་མཐུད་བཞག་རོགས་ཞེས་རེ་སྐུལ་ཞུས་ཀྱང་། བཙོན་ཁང་ནས་དང་ལེན་མ་བྱས། དེ་ནི་སྒྲོལ་སྲས་ཙམ་མིན་པར་བཙོན་པ་མང་པོ་ཞིག་གློད་བཀྲོལ་སྐབས་ཕྱིར་རུ་ཁག་ལ་ལོག་རྒྱུ་ལས་བཙོན་ཁང་ནང་མུ་མཐུད་འདུག་རྒྱུར་དགའ་མོས་བཙོན་ཁང་ནང་བཞག་རོགས་ཟེར་དགོས་པའི་དུས་འཕྲང་སྐབས་རེད།

སྒྲོལ་སྲས་བཙོན་ནས་གློད་བཀྲོལ་རྗེས་རུ་ཁག་ནང་འཚོ་གནས་ནམ་ཡང་ཐུབ་རེ་མེད་པར་ལྷ་ས་ལ་བྲོས་ཤོར་ཕྱིན་ནས་ལོ་ཤས་རིང་སློང་མོ་སོགས་ཟས་འཚོལ་བྱས་ཏེ་རང་ཉིད་ལྟོ་གོས་འགྲིགས་ཙམ་བྱུང་ཡོད་འདུག་སྟེ། ཉིན་ཞིག་ཉེན་རྟོག་པས་འཇུ་བཟུང་མི་འཁྱམ་ལས་ཁུངས་ཞེས་པ་ཞིག་ནང་བཞག །སྟབས་ངན་པ་འཁེལ་རྒྱུར་ཕ་ཡུལ་གཅིག་པ་ཞིག་གིས་སྒྲོལ་སྲས་ལ་རྩེད་མོ་ཁ་མཚར་གྱིས་ཆུས་ཀྲང་བསྟན་འཛིན་ཡོན་ཏན་དང་ཤང་འགོ་བསྟན་འཛིན་གྲགས་པ་གཉིས་ང་ཚོ་འཚོལ་ག་སླེབས་འདུག་ལབ་པར། སྒྲོལ་སྲས་བློ་ཚབས་ངང་ཁང་པའི་ཕྱི་ལ་ཐོན་སྐབས་མིག་ཐང་པོ་མེད་ཙང་གོམ་ཁ་སྤོ་ནོར་གྱིས་ཁང་ཐོག་ནས་ཟགས་ཏེ་བརྡབ་སྐྱོན་ཆེན་པོ་ཕོག་ནས་རིང་པོ་མ་ཐོགས་པར་འདས་གྲོངས་གྱུར་པ་རེད།

ཕ་བཟང་གཏེར་ཡང་རུ་ཁག་ཅེས་པ་རིག་གསར་རིང་ཟིང་འཁྲུག་ཞྭ་མོའི་འོག་ནས་གྲལ་རིམ་ཞྭ་མོ་ཡོད་རིགས་དང་གཅིག་མཚུངས་འཐབ་རྩོད་རྡུང་རྡེག་རྒྱུན་ཆད་མེད་པར་བཙན་གནོན་ཇི་ལྟར་བྱས་ཀྱང༌། ནམ་ཡང་རིག་གསར་ལ་མགོ་མ་བསྒུར་བ་མ་ཟད། རུ་ཁག་ཅེས་པ་དེའི་འགོ་གཙོ་སུ་གཅིག་གི་ཁ་ལ་ཉན་པ་ཉིན་ཞིག་བྱུང་མྱོང་མེད་བརྗོད་ན་མི་ཆོག་པ་མེད་ཅིང༌། དེ་ཡང་བཟང་གཏེར་ནི་རྒྱུན་དུ་གོས་ཐུང་གྱོན་རྒྱུ་མེད་ལ་གྱོན་སྲོལ་ཡང་མེད་ཅིང༌། སློག་པ་རྩབ་ཧྲལ་གོས་སྣེ་རྐང་མགོ་དང་མཉམ་པ་ཞིག་རྒྱུན་གྱོན་ཐོག་སྐེད་རགས་ནི་རས་དང་སྐུད་པ་གང་རྙེད་ལྟ་བུ་ཅི་རིགས་སྡོམ་མཁན་ཞིག་དང༌། སྐབས་དེར་གྲལ་རིམ་རིགས་གཙོ་བཟུང་མི་སྣ་སུ་འཐབ་རྩོད་བྱེད་ཀྱི་ཡོད་ན་གྲལ་རིམ་མིང་ཐོགས་རིགས་དང་ཟིང་འཁྲུག་ཞྭ་མོ་ཡོད་མཁན་རྣམས་མང་ཚོགས་འཚོགས་སྐོང་མཐའ་རུ་མགོ་བོ་སྒུར་ནས་ཚོགས་འདུ་མ་གྲོལ་བར་དགྱེ་སྒུར་མེད་པར་ལོང་དགོས་པ་མ་ཟད། འགུལ་བསྐྱོད་ཀྱང་བྱེད་ཆོག་གི་མེད། དུས་ཡུན་དེའི་རིང་སྐེད་པ་དང་རྐང་པ་ན་ཚའི་དཀའ་སྡུག་མང་པོ་ཞིག་འཕྲད་ཀྱི་ཡོད་པར། བཟང་གཏེར་ག་དུས་ཡིན་ནའང་སྐེད་པ་དང་རྐང་པ་ན་ཚ་བྱུང་མ་ཐག་ང་གཅིན་ཤོར་སོང་ཟེར་ནས་སྐད་ཤུགས་ཆེན་པོས་སྐད་རྒྱག་གི་ཡོད། གལ་སྲིད་གཅིན་གཏོང་གར་མ་བཏང་ན་གོས་ཐུང་མེད་ཙང་དེ་ག་རང་ལ་གཅིན་གཏོང་བ་མ་ཟད། བཙོག་པ་བབས་ན་ཡང་གཏོང་རྐྱང་ཡིན་པས། ཚོགས་འདུའི་སར་བཙོག་གཅིན་གྱི་དྲིས་ཁེངས་པ་བཟོ་ཡི་ཡོད་པར་སོང་བཙོག་གཅིན་ཤོར་གྱི་ཡོད་པའི་སྐད་བརྒྱབས་ན་ཕྱི་ལ་མ་བཏང་རང་བཏང་བཟོ་ཡི་ཡོད། དེ་ནི་བཟང་གཏེར་རྐང་ལུས་ངལ་གསོ་བར་ཕྱི་ལ་འགྲོ་སྐྱོད་ཐབས་ལམ་ཞིག་དང༌། བཟང་གཏེར་ལ་སྡང་སེམས་ཆེ་བའི་ཧུར་བརྩོན་པ་ཚོ་ལ་རྒོལ་ལན་ཐབས་བྱུས་ཤིག་ཀྱང་རེད།

ངོས་རང་དང་བཟང་གཏེར་གཉིས་གྲོང་ཚོ་གཅིག་པ་མིན་ཙང་གོ་ཐོས་ཙམ་ལས་ཆ་རྒྱུན་ཆེ་བ་མེད་ཀྱང་། དངོས་སུ་མིག་མཐོང་ཙམ་ཞིག་ཞུས་ན་ ༡༩༧༦ དབྱར་དུས་སུ་གློ་བུར་དུ་མཐའ་མགོར་ཆུས་ལས་སར་ཚོགས་བསྐོང་ཆེན་པོ་ཞིག་བྱས་སོང་། དེ་ནི་བཙོན་འོག་ལ་ཡོད་པ་རབ་བརྟན་དགོན་པའི་དབུ་བླ་ཡེ་ཤེས་འབྱུང་གནས་དང་། ལྟར་སྨོན་དགོན་པའི་དབུ་མཛད་བསྟན་པ་དར་ཆུང་།
དབུ་ཐང་ཚེ་བཀྲ། དབུ་ཐང་སྲིད་རྒྱལ་བཞི་འཐབ་རྩོད་ཀྱི་བཙོན་ཁྲིམས་གཅོད་རྒྱུ་རེད་འདུག །དེ་ལྟའི་འཐབ་རྩོད་སྐབས་མཚམས་ཤིག་ལ་རྒྱབ་ལོགས་ནས་སྐད་ཅོར་གསལ་ལ་མ་གསལ་སྐབས་ཤིག་ལ་མི་ངན་བཟང་གཏེར་གཅིན་བཏང་བཞག་ཟེར་ནས་ཧུར་བཙོན་པ་ཁག་གཅིག་ནས་བཟང་གཏེར་གཡས་འཐེན་གཡོན་འཐེན་ཚོགས་བསྐོང་ས་ནས་ཕྱི་ལ་བཏང་སོང་། དེ་ནི་ཕོ་རྒོད་བཟང་གཏེར་དངོས་སུ་མིག་གིས་མཐོང་བ་དང་པོ་ཡིན།

བཟང་གཏེར་ལ་ཧུར་བརྩོན་པ་ཚོས་འཐབ་རྩོད་དང་མཉམ་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་གྱི་མི་འདུག་བརྗོད་ནས་རྣོ་ངར་ཆེན་པོས་རྡུང་རྡེག་གཏོང་གི་ཡོད་འདུག་པར། བཟང་གཏེར་གྱིས་གུང་ཁྲན་ཏང་གི་བཀའ་དྲིན་ཚོར་གྱི་འདུག །ཨ་ར་ཡོད་པ་ཚོར་གྱི་འདུག །ཨ་ཚ་ཡོད་པ་ཚོར་གྱི་འདུག །ཁ་ལ་ཟ་རྒྱུ་དང་ལུས་ལ་གྱོན་རྒྱུ་མེད་པར་ལྟོགས་ཤི་ཐེབས་ཀྱི་ཡོད་པ་ཚོར་གྱི་འདུག་བཅས་དང་། དེ་བཞིན་ཧུར་བརྩོན་པ་ཚོས་མའོ་ཡི་གསུང་རྩོམ་ཀློགས་ལབ་དུས། མའོ་གསུང་རྩོམ་བཀླགས་ནའང་མ་བཀླགས་ནའང་འཐབ་རྩོད་དང་རྡུང་རྡེག་རེད་ལབ་པ་དང༌། རང་སྐྱོན་ངོས་ལེན་བྱས་ན་གུ་ཡངས་སྲིད་བྱུས་ཡོད་རེད་རང་སྐྱོན་ངོས་ལེན་དང་སྲིད་གསར་རྙིང་བརྗོད་ལབ་དུས། སྲིད་རྙིང་པར་དབུལ་པོ་ཡིན་ན་སྤྲང་ལྟོ་སློང་ས་ཡོད་རེད། རྐུ་མ་བརྐུ་དགོས་ཐུག་གི་མ་རེད། སྲིད་གསར་པ་སྤྲང་ལྟོ་སློང་ས་མེད་དུས་རྐུ་མ་མ་བརྐུས་རང་བརྐུས་རེད། ལྟོ་ཕོ་བས་བསྡད་འཇུག་གི་མིན་འདུག་བརྗོད་པ་སོགས་ཞུམ་པ་མེད་པའི་སྙིང་སྟོབས་དང༌། སྲོག་ལ་ཐུག་ནའང་བཙན་གནོན་ལ་མགོ་བོ་མི་སྒུར་མཁན་བློ་སྟོབས་ཆེ་བའི་དཔའ་བོ་ཞིག་ཡིན་པ་སྐབས་དེར་མི་ཚོས་མངོན་པར་བསྟོད་ས་ཞིག་རེད།

ལོ་རབ་བདུན་ཅུའི་ལོ་མཇུག་གམ་ ༡༩༧༩ དཔྱིད་དུས་ཙམ་ལ་གུ་ཡངས་སྲིད་ཇུས་ཞེས་པ་སྤེལ་འགོ་བརྩམས་པ་མ་ཟད། དེ་སྔའི་རིག་གསར་རྣམ་པ་འགྱུར་ལྡོག་བཏང་ནས་གྲལ་རིམ་ཞྭ་མོ་ཡོད་ཚད་མེད་པ་དང༌། འཚོ་ཐབས་སྐྱོ་རིགས་རིག་གསར་སྐབས་དང་མི་འདྲ་བའི་སྐྱོབ་གསོ་སྤྲོད་འགོ་བཙུགས། ༡༩༧༩ དཔྱིད་དུས་ལས་འགོ་དེ་བཙུགས་མ་ཐག་བཟང་གཏེར་གྱི་ཟིང་འཁྲུག་ཞྭ་མོ་ཞེས་པ་དེ་མེད་པ་བཟོས་ཐོག་རྨི་ལམ་ལ་མེད་པ་སྒོ་ཕྱུགས་ར་བཞི་དང་སྣོད་ཆས་ཧ་ཡང་ཆེ་ཆུང་གཉིས་ཙམ་བཅས་གྲོང་ཚོ་དེའི་ནང་ནས་སྐྱོབ་གསོ་ཆེ་གྲས་ཤིག་རག་པར་དགའ་ཐག་ཆོད་ནས་ར་བཞི་དེ་ཁྲིད་ཅིང༌། ཧ་ཡང་ཆེ་ཆུང་གཉིས་རྡུང་བཞིན་ཤང་ལས་ཁུངས་ནས་རང་ཁྱིམ་བར་ཧ་གྷོ་ཧུང་བཀའ་དྲིན་གྱིས་ད་ཡིན་ན་ནམ་ལངས་སོང༌། ང་ལ་མི་དགའ་མཁན་ཚོ་སེམས་པ་སྡུག་ན་སྡུག་གྱོང་བྱོས། འདི་སུ་གཅིག་བཀའ་དྲིན་མ་རེད། ཧ་གྷོ་ཧུང་བཀའ་དྲིན་རེད་ཅེས་སྐད་གསང་མཐོན་པོས་གྲོང་ནང་ལ་ཁྲོམ་བསྒྲགས་བྱས། དེ་ལྟར་བྱས་དོན་ནི་སྐབས་དེའི་གུང་ཁྲན་གཙོ་འཛིན་མིང་འཁུར་ཧ་གྷོ་ཧུང་ཡིན་སྟབས། དེས་གུ་ཡངས་བཟང་ཕྱོགས་འགྱུར་བ་བཏང་བ་ཞིག་ཡིན་པ་ངོས་འཛིན་བྱས་ནས། རིག་གསར་སྐབས་བཙན་འོག་ཏུ་མའོ་སོགས་རྒྱ་དཔོན་པར་རིགས་ཁྱིམ་ནང་བཞག་བཅུག་པ་ཁག་གི་ཚབ་ཧ་ཡི་པར་ཁྱིམ་ནང་ལ་གུས་བརྩི་ཆེན་པོས་བཞག་པ་སོགས་ནི་བཟང་གཏེར་ཙམ་མིན་པར་རིག་གསར་སྐབས་དཀའ་སྡུག་མྱོང་མཁན་མང་ཆེ་བས་དེ་ལྟར་བྱེད་སྲོལ་ཡོད།

གཅིག་དགུ་གྱ་གྲངས་ནང་སླེབས་སྐབས་རིག་གསར་དང་ཀུང་ཧྲིའམ་རུ་ཁག་ཅེས་པ་དེའི་སྐབས་ངལ་བ་འཕྲད་པ་མང་ཆེ་བ་འཚོ་ཐབས་ཀྱི་ངལ་བ་ལས་གྲོལ་ཐུབ་པ་བྱུང་ཡོད་ཀྱང༌། བཟང་གཏེར་ལོ་ན་ཆེན་པོ་སླེབས་ནས་འགྲོ་འདུག་མི་ཐུབ་པའི་གནས་སྟངས་གྱུར་བ་མ་ཟད། ནང་ལའང་འཚོ་བའི་ངལ་བ་སེལ་མ་ཐུབ་པ་ལུས་པར། ༡༩༨༧ ལོའི་བོད་ཟླ་ ༠༦ ཚེས་ ༡༦ ཉིན་ཁོ་བོའི་ཕ་རྒན་ངོས་ལ་བཟང་གཏེར་དང་ང་ཚོ་དེ་སྔ་འཐབ་རྩོད་དང་རྡུང་རྡེག་མཉམ་དུ་མྱོང་མཁན་གཅིག་པ་རེད། ད་སྐབས་བཟང་གཏེར་འཆི་གསོན་ལ་ཐུག་པ་མ་ཟད། ཟས་ཀྱང་བཟང་བ་ཞིག་མ་རག་པར་དཀའ་ངལ་འཕྲད་ཀྱི་ཡོད་འདུག་ཅེས། མར་རིལ་ཆུང་ངུ་ཞིག་དང༌། རས་ཁུག་ཅིག་ནང་རྩམ་པ་དང་ཕྱུ་ར་མཉམ་བསྲེས་ཤིག་བསྐུར་ནས་འདི་བཟང་གཏེར་ལ་སྟེར་ག་སོང་། རྗེས་སུ་ང་རང་ཉིན་ཞིག་ཐུག་ག་ཡོང་གི་ཡིན་ལོབ་གསུངས་ནས་བཏང་བྱུང༌། དེ་ལྟར་ངོས་རང་མཐའ་མགོ་གྲོང་ལ་བཟང་གཏེར་ཐུག་ག་སོང་ནས་ཕ་རྒན་ནས་བསྐུར་བའི་མར་དང་རྩམ་ཕྱུར་རྣམས་སྤྲད་ག་འགྲོ་སྐབས། སྒོ་ཕྱི་མའི་ནང་གི་སྒོ་འགྲམ་ཁེབས་འོག་ཅིག་ལ་ཉལ་འདུག་ཅིང་ཕ་རྒན་གྱིས་བསྐུར་བའི་མར་དང་རྩམ་ཕྱུར་སྤྲད་ནས། རྗེས་སུ་ཕ་རྒན་ཁོང་རང་ཉིན་ཞིག་ཁྱེད་རང་ཐུག་ག་ཡོང་གི་ཡིན་སྐོར་ལབ་པ་ཡིན། སྐབས་དེར་བཟང་གཏེར་ཁ་ངག་གྲགས་ཐུབ་ཙམ་ཞིག་ལས་མེད་ཐོག །མལ་ཆས་དང་སྔས་གདན་རྩབ་ཧྲལ་དང་ཐལ་བས་ཚོས་ཤིང༌། ཤིང་ཕོར་ཆེན་པོ་ཞིག་འདུག་པ་དེའི་ནང་ཇ་ཐང་སྣུམ་དྲི་མེད་པ་ནག་ཐང་གཅིག་ལས་མེད་ཐོག །ཤིང་ཕོར་དེ་ཡང་སྣུམ་དྲི་ཙམ་མེད་པ་སྐྱ་སེང་ངེ་ཞིག་འདུག་པ་མཐོང་དུས་སེམས་པ་ཤིན་ཏུ་སྐྱོ་སོང་། ཁྱིམ་འཚོ་སྐྱོང་མཁན་བུ་ཁམ་ཆེན་དང་བཟའ་ཟླ་རྐང་པ་ནད་གཅོང་ཅན་གཉིས་ཁྱིམ་ནང་ལ་འདུག་ཅིང་། སྒོ་ཁ་ནས་ཁོང་ཚོའི་ཁྱིམ་ནང་ལ་ལྟ་སྐབས་ནང་ཆས་ངོ་ཚང་བ་ཞིག་མཐོང་རྒྱུ་མེད་པར་འཚོ་བའི་གནས་བབས་བཟང་བ་ཞིག་ཡོད་པ་མ་མངོན། དེ་ནི་ངོས་ཀྱིས་དཔའ་རྒོད་བཟང་གཏེར་མཐོང་རིག་མཐའ་མ་དེ་ཡིན་ལ། དེ་རྗེས་བཟང་གཏེར་ག་ཚོད་སྐུ་འཚོ་ཐུབ་མིན་ཤེས་རྟོགས་མེད། མ་ཟད་ཁོ་བོའི་ཕ་རྒན་དཔའ་རྒོད་ཁོང་ཐུག་ག་འགྲོ་གི་ཡིན་གསུངས་པ་བཞིན་གཅིག་བྱས་ན་ངོ་ཐུག་བྱུང་ཡོད་སྲིད་ཀྱང་། དཔའ་རྒོད་ཁོང་རིང་པོ་སྐུ་འཚོ་ཐུབ་པའི་རེ་བ་མ་མངོན་པས་ཐུག་འཕྲད་མ་ཐུབ་པ་ཡང་བྱུང་ཡོད་སྲིད། གང་ལྟར་ངོས་རང་རྒྱུན་དུ་ནག་ཆུ་དང་ལྷ་སར་ཚོང་ལས་ཕྲན་བུ་གཉེར་ནས་ཕ་ཡུལ་ལ་རྒྱུན་སྡོད་བྱེད་ཀྱི་མེད་ལ། རིང་པོར་མ་ཐོགས་པར་རྒྱ་གར་ལ་སླེབས་པ་རེད།

འདི་ནི་དཔའ་རྒོད་བཟང་གཏེར་མཐོང་ཐོས་རིག་གསུམ་དང་དཔའ་རྒོད་དེ་ཉིད་ཀྱིས་བོད་མི་རིགས་ཀྱི་ཁྲག་རྒྱུས་རུས་གསུམ་འགྱུར་བ་མེད་པར་བློ་བརྟན་འགྱུར་མེད་ཀྱི་མཛད་རྗེས་ཆ་བཞག་ཕྱོགས་རེ་ཙམ་ཞིག་དང་། དཔའ་རྒོད་དེ་རིགས་ལ་གུས་བརྩིའི་དྲན་རྟེན་མཚོན་ཙམ་ཞིག་ཡིན།

 

མཇུག་གཏམ།

ལར་ནས་བྱ་བ་ཆེ་ཆུང་གང་ཞིག་བརྩམས་ཀྱང་མཉམ་རུབ་དང་གཞན་གྱི་མཐུན་འགྱུར་མེད་ན་འགྲུབ་མི་སྲིད་པས། ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བཅུ་བཞི་པ་འདི་བཞིན་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་འབུལ་ཐུབ་པ་འདི་ཡང་། ཆེས་ཐོག་མར་སྨྱུག་ཐོགས་པ་རྣམས་ཀྱིས་སོ་སོའི་ལས་ཀའི་བྲེལ་ཟིང་ལ་མ་ལྟོས་པར་རྩོམ་ཡིག་སྣ་མང་ཞིག་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞེས་ཞུ། དེ་ནས་ད་ཐེངས་ཀྱི་དུས་དེབ་སྦྱིན་བདག་སུད་སིར་གནས་བཞུགས་དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་ཆ་ཚང་གནང་སོང་བྱུང་བ་དང་། ཨོ་གླིང་གནས་བཞུགས་བསྟན་འཛིན་ཆོས་ཉིད་ལགས་ཀྱིས་ནགས་ལྷ་སྒྲ་མཛོད་ཀྱི་ལོ་གཅིག་གི་དུས་ཚོད་བསྐྱར་གསོའི་སྦྱིན་བདག་གནང་སོན་བྱུང་བ་བཅས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་དགེ་བཤེས་སྐལ་བཟང་ཐར་འདོད་ལགས་དང་དགེ་བཤེས་སྐལ་བཟང་རྒྱལ་མཚན་ལགས་གཉིས་ཀྱིས་དུས་དེབ་སྒྲིག་སྦྱོར་གྱི་ལས་དོན་ཆ་ཚང་གནང་རོགས་མཛད་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། གཞན་ཡང་ནགས་ལྷ་རྩོམ་སྒྲིག་ཁང་གི་ལས་གཞི་ལ་སྔ་བར་ཕྱི་གསུམ་དུ་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་རྒྱབ་སྐྱོར་དང་མཐུན་འགྱུར་གནང་མཁན་ཡོངས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་བ་དང་འབྲེལ། ང་ཚོའི་ལས་དོན་བྱེད་ཕྱོགས་ཐད་སྐྱོན་དང་ནོར་འཁྲུལ་མང་པོ་ཞིག་བྱུང་ཡོད་ངེས་པས་འཛེམས་ཟོན་མེད་པར་ཡོ་སྲང་དང་ལམ་སྟོན་གནང་རོགས་ཞུ།

གསལ་བཤད་ཞུ་དགོས་པ་ཞིག་ལ་རྩོམ་ཡིག་གི་བང་རིམ་རྣམས་རྩོམ་པ་པོ་རྣམས་ཀྱི་མཚན་གྱི་ཀ་ཁའི་བང་རིམ་ལྟར་བསྒྲིགས་ཡོད་པས་དེ་ལུགས་དགོངས་འཇགས་ཞུ། ཞེས་ནགས་ལྷ་རྩོམ་སྒྲིག་ཁང་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་སྤེལ་བ་དགེའོ། །

Related Articles