བློ་བཟང་བསམ་གཏན།

བློ་བཟང་བསམ་གཏན།

ངོ་སྤྲོད་མདོར་བསྡུས། ཕྲན་དངོས་མིང་བློ་བཟང་བསམ་གཏན་དང་སྙུག་མིང་གངས་ཆབ་བསིལ་མ་ཞེས་འབོད་ཀྱི་ཡོད། ཕྱོ་ལོ་༡༩༩༡ ལོར་མདོ་ཁམས་ནགས་ཤོད་འབྲི་རུ་རྫོང་ཀླུ་རྒྱལ་ཝ་རུ་ཎ་ཞེས་པའི་གྲོང་སྡེ་རུ་ཕ་བཀྲ་ཤིས་བསྟན་འཕེལ་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་མོར་སྐྱེས་ཤིང་།

ཆུང་དུས་ཞིང་འབྲོག་གཉིས་ཀྱི་འཚོ་གནས་དང་ཁ་མ་བྲལ་སྟབས། སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་ཐོབ། ཕྱི་ལོ་༢༠༠༦ ལོར་སྒྲུབ་སྡེ་དགོན་དགེ་ལྡན་ལུགས་བཟང་ཀུན་འཕེལ་གླིང་ལ་རྗེ་བླ་མ་སྐལ་བཟང་བསླབ་གསུམ་གྱི་སྐུ་མདུན་དུ་སྐྲ་ཕུད་ཕུལ། རྗེས་སུ་བོད་ནང་ཆོས་དད་རང་དབང་མེད་པའི་དབང་གིས་བཙན་བྱོལ་དུ་ཡོང་།

འཕགས་ཡུལ་དུ་འབྱོར་རྗེས་༧གོང་ས་མཆོག་སྐུ་མངོན་སུམ་ཞལ་མཇལ་གྱི་སྐལ་བཟང་ཐོབ་པ་མ་ཟད་ཁོང་གི་སྐུ་མདུན་ནས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེན་རྒྱུ་བྱུང་བ་ནི་ཆེས་ངོ་མཚར་བ་དང་བསོད་ནམས་ཀྱི་འབྲས་བཟང་བླ་ན་མེད་པ་ཞིག་ཅི་ལ་མིན། ཕྱི་ལོ་༢༠༠༧ ལོར་ཁོང་གི་ཐུགས་རྗེའི་བཀའ་དྲིན་གྱིས་སློབ་སྦྱོང་བྱ་ཡག་གི་གོ་སྐབས་བྱུང་བ་ལྟར། ཐོག་མར་སུ་ཇཱ་སློབ་གྲྭར་དབྱིན་བོད་གཉིས་ཀྱི་ཐད་སློབ་སྦྱོང་གི་རྨང་གཞི་འགོ་བརྩམས། རྗེས་སུ་ཕ་མའི་རེ་བ་ལྟར་བཙུན་དགོན་སྒྲོལ་མ་གླིང་དུ་རྒྱུགས་སྤྲོད་ལམ་ནས་བོད་ཀྱི་སྐད་ཡིག་དང་ལོ་རྒྱུས། ནང་བསྟན་རིགས་ལམ་སོགས་ཀྱི་སྐོར་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས། ཕྱི་ལོ་༢༠༡༣ ལོར་རང་ཉིད་ཀྱི་དམིགས་ཡུལ་ལྟར་ས་རཱ་མཐོ་སློབ་ཏུ་ཆེས་མཐོའི་ཡིག་རྒྱུགས་ལམ་ནས་འཛུལ་བཞུགས་བྱས་ཤིང་ཕྱི་ལོར་༢༠༡༧ ལོར་རིག་གནས་རམས་འབྱམས་པ་ཐར་ཕྱིན། སློབ་མཐར་ཕྱིན་རྗེས་བཀྲ་ཤིས་ལྗོངས་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་དུ་ལོ་གཉིས་རིང་དགེ་རྒན་གྱི་ལས་ཀ་བྱས། ཕྱི་ལོ་༢༠༡༩ ལོ་མཇུག་བྷིང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་གཙུག་ལག་རམས་འབྱམས་པའི་རྒྱུགས་སྤྲོད་ཐོག་འཛུལ་བཞུགས་བྱས་པ་ལྟར་ད་ལྟ་མཐོ་སློབ་འདིར་སློབ་སྦྱོང་བྱེད་བཞིན་པ་དང་། དེ་བཞིན་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་གསར་དུ་འོས་འདེམས་བྱུང་བ་ལྟར་རྩོམ་སྒྲིག་པའི་ལས་ཁུར་ཞུ་མུས་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ་བཀོད་པའོ།

Related Articles