ནགས་ཤོད་ཅེས་པའི་ཤོད་ལ་དཔྱད་པ།

འབྲི་སྐལ་བཟང་གིས།   

ཁ་བ་གངས་རིའི་ཡུལ་ལ་མདོ་དབུས་ཁམས་གསུམ་དུ་ཕྱེ་བའི་ནང་ཚན་མདོ་ཁམས་སྟོད་ཕྱོགས། བྱང་གདང་ལའི་རི་རྒྱུད་དང་ལྷོ་ཐང་ལྷའི་རི་རྒྱུད་གཉིས་ཀྱི་བར་ལ་ནགས་ཤོད་ཅེས་པའི་ཡུལ་ལུང་དེ་ཆགས་ཡོད། འདི་ལ་འགའ་ཞིག་གིས་ནགས་ཤོད་ཅེས་པའི་ནགས་དེ་ནག་ཆུ་ཁ་ཞེས་པའི་ནག་དེ་ལ་ངོས་བཟུང་ནས་ནག་ཤོད་འབྲི་དགོས་པར་གླེང་། རྒྱུ་མཚན་ནི་ཨ་མདོ་མཚོ་ནག་ནས་འབབ་པའི་ཆུ་ལ་ནག་ཆུ་དང་།ཆུ་རྒྱུད་དེའི་སྨད་ཕྱོགས་ལ་ཡིན་པས་ནག་ཆུའི་ཤོད་ཟེར་བའི་མིང་བསྡུས་ནས་ནག་ཤོད་འབོད། ཅེས་ལབ་ཀྱི་ཡོད་ཚོད་འདུག །འགྲེལ་ཚུལ་དེ་ལ་ཞིབ་ཏུ་སོམས་དང་། བོད་ཀྱི་ཐ་སྙད་འབོད་སྲོལ་ལྟར་ན་རི་བོའི་རྩེ་ཤོད་དང་ལུང་པའི་ཕུ་མདའ་ཟེར་བ་ཡོངས་གྲགས་ཀྱི་ལབ་ཚུལ་ཞིག་ཡིན། དེ་མིན་ལུང་པའི་སྟོད་སྨད་ཟེར་ནས་འབྱེད་ཚུལ་ཡོད་པ་མ་གཏོགས་ལུང་པའི་ཕུ་ཤོད་ཟེར་བ་དང་། ལུང་པའི་སྟོད་ཤོད་ཟེར་བ་སོགས་ནི་འབོད་བདེ་བའི་ཡོངས་གྲགས་ཀྱི་ཐ་སྙད་ཅིག་མིན།འདིར་སྤྱིར་བཏང་ཤོད་ཅེས་པ་ག་འདྲ་ཞིག་ལ་ལབ་ཀྱི་ཡོད་པའི་ཚུལ་བཤད་ན་ཀློག་པ་པོ་རྣམས་ཀྱིས་གོ་དོན་རྟོགས་པ་ལ་ཁྱད་པར་ཡོད་པས་དེའི་ཚུལ་ཅུང་ཟད་བཤད་ན། གོང་མ་ལ་སྟེང་དང་འོག་མ་ལ་ཤོད་འབོད་པ་ཁང་པའི་སྟེང་ཤོད་ལྟ་བུ་དང་། རི་བོའི་མཐོ་ས་ལ་རྩེ་དང་དམའ་ས་ལ་ཤོད་འབོད་པ་རི་བོའི་རྩེ་ཤོད་ལྟ་བུ་དང་། རི་བོའི་སྒང་དང་མཐོ་ས་ལ་འབྲི་གཡག་ར་ལུག་སོགས་འཚོ་སྐྱོང་བྱེད་མཁན་ལ་འབྲོག་དང་དམའ་ས་ཆུ་མཚམས་ལ་ཞིང་ལས་བྱས་ནས་སྡོད་མཁན་ཡུལ་པ་གཉིས་ལ་འབྲོག་ཤོད་ཅེས་འབོད་སྲོལ་ཡོད། མིང་གི་སྐབས་རི་བོའི་སྨད་མཚམས་ལ་རི་ཤོད། ལུང་པ་ཁ་ཡངས་ཤིང་ས་བབས་དམའ་བ་ལ་ཀླུང་ཤོད། ཁང་པ་ཐོག་བརྩེགས་ཅན་གྱི་འོག་མ་ལ་ཤོད་ཁང་ཞེས་འབོད། འདིར་ནགས་ཤོད་ཅེས་པ་ནི་ལུང་པ་ཁ་ཡངས་ཤིང་ས་བབས་དམའ་བའི་ཆ་ནས་ཀླུང་ཤོད་འབོད་ཀྱི་ཡོད། དེ་ཡང་ནགས་ལྷ་ཛམ་བྷའི་བསང་ཡིག་ལས། ནགས་ཀྱི་ཀླུང་ཤོད་མཛེས་པའི་ཡུལ་གྲུ་འདིར།།

ཞེས་གསུངས་པ་དོན་དང་མཐུན། མ་ཚད་མདོ་ཁམས་ཀྱི་ས་ཆ་འདི་ལ་སྒང་དྲུག །ཤོད་བཅུ། རོང་དགུ་ཟེར་བ་ནི་ཡོངས་གྲགས་ཀྱི་བརྩི་སྲོལ་ཞིག་ཡིན། དབྱེ་ཚུལ་དེ་ནི་མདོ་ཁམས་གྱི་ས་ཆའི་གྲུབ་སྟངས་ཀྱི་སྒོ་ནས་ཕྱེ་བ་ཡིན་པར་སྙམ། རྫ་དང་གངས་ཀྱི་རི་རྒྱུད་ཆེན་པོ་དག་ལ་སྒང་ཞེས་པ་དང་། སྒང་དེ་དག་གི་བར་དང་ཟུར་རྣམས་སུ་ལུང་ཆེན་དང་ལུང་ཆུང་ཁད་ཡངས་ཤིང་ས་བབས་དམའ་ བ་རྣམས་ལ་ཤོད་དང་། གཡས་གཡོན་གྱི་རི་བོ་གཟར་གཟུགས་ཆེ་ཞིང་ལུང་པ་ཁ་དོགས་པ་རྣམས་ལ་རོང་ཞེས་དབྱེ་ནས་གྲངས་ཚད་བྱས་པ་རེད། མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཅེས་པའི་བརྩི་སྲོལ་ཡོད་པའི་ཤོད་རྣམས་ཀྱང་དེ་ལྟར་ངོས་འཛིན་དགོས་པ་ལས་ལུང་པའི་ཕུ་ག་གེ་མོ་ཞིག་གི་ཆུ་བོ་འདི་ནས་འབབ་པས་དེའི་ཤོད་ཡིན་དགོས་ཟེར་བ་ལ་སྒྲུབ་བྱེད་གང་ཡང་མེད། དེར་བརྟེན་ནགས་ཤོད་ཅེས་པའི་ཤོད་དེ་མདོ་ཁམས་ཀྱི་ཤོད་བཅུ་ཞེས་པའི་ཤོད་ཀྱི་གོ་དོན་དང་གཅིག་མཚུངས་ཡིན་པས་ལུང་པ་ཁད་ཡངས་ཤིང་ས་བབས་དམའ་བ་ལ་གོ་དགོས་པ་དོན་གྱིས་གྲུབ།

Related Articles