སེ་ར་ལ་བལྟས་པ།

ནགས་ཀྱི་ཤིང་ལོ་ནས།

ལྷོ་ཕྱོགས་མ་ལ་ཡ་ཡི་ཕང་པ་རུ།།
བརྗིད་ཆགས་ནགས་ཀླུང་འཐིབས་པའི་གྲུ་ཟུར་ནས།།
མིག་ཟུང་རྒྱང་དུ་གཏད་པའི་མཚམས་སྤྲིན་འོག །
དབྱར་ཁའི་ཐེག་ཆེན་གླིང་དེ་མཛེས་ཤིང་སྡུག །

རྫོགས་ལྡན་དབྱར་གྱི་བུ་མོའི་སྐུ་ལུས་ན།།
མ་དྲས་གཡུ་མདོག་ལྭ་བ་ཡིད་དུ་འོང་།།
འདོད་ལྡན་མཁའ་རུ་འཁྲིགས་པའི་སྤྲིན་སེབ་ནས།།
ལྷད་མེད་བརྩེ་བས་གཏམས་པའི་ཆུ་ཐིགས་འཛག།།

རང་བྱུང་འཁོར་ཡུག་མཛེས་མའི་ཞལ་རས་ལ།།
མ་བྲིས་དཀར་དམར་འདབ་མའི་ཚོན་གྱིས་རྒྱན།།
ཆགས་ལྡན་དུས་ཀྱི་གཞོན་ནུས་ཟུར་མིག་འོག །
དགོང་མོའི་ནུབ་རིའི་ཕྲག་ནས་ཕྱི་བལྟས་ཤོར།།

དབུས་ན་ཐེག་ཆེན་གླིང་དེ་ལྷུན་གྱིས་གྲུབ།།
མཁས་སྙན་བྱེས་པ་གྲྭ་ཚང་གཡས་ནས་འགྱིང་།།
ཐོས་བསམ་ནོར་གླིང་གྲྭ་ཚང་གཡོན་ནས་རོལ།།
དམ་ཚིག་གསེར་གྱི་རི་མོ་གཡུང་དྲུང་འཁྱིལ།།

དམ་ཆོས་ཆར་གྱིས་བཀྲུས་པའི་སློབ་གླིང་དེར།།
འདབ་བརྒྱ་པད་མའི་གླེགས་བམ་ཚར་དུ་དངར།།
ར་ཡིག་གཉིས་པ་མྱོས་པའི་སྐད་སྒྲ་དེས།།
ཟེའུ་འབྲུ་མལ་དུ་ཉལ་བའི་གཉིད་ལམ་དཀྲོགས།།

བལྟས་ན་མིག་ན་འཆར་བའི་ཞིང་ཁམས་ཞིག །
ཉན་ན་ལུང་རིགས་བྱེ་བའི་བང་མཛོད་ཞིག །
བསམ་ན་ཡིད་ལ་འཐིམ་པའི་དག་ཞིང་ཞིག །
ནམ་ཡང་འབྲལ་དུ་མི་འདོད་ཐེག་ཆེན་གླིང་།།

Related Articles