ཡུལ་མེད་པའི་དྲན་ཐོ།

ནགས་གཡག

དགུན་ཁ།
ལྷམ་མགོ་ཁ་བ་འབྱར་བའི་ནམ་དུས་དེར།།
རྐང་ཆུང་འཁྱགས་པས་བསྡམས་པའི་ཡུལ་ལུང་དེར།།
ཇི་ཙམ་འཁྱགས་ཀྱང་སེམས་ལ་དྲོད་ཅིག་ཡོད།།
དེ་ནི་ཡུལ་མེད་བདག་འདྲ་ཉིད་ཀྱིས་དྲན།།

དཔྱིད་ཀ
སྒོ་ཟོག་གོམ་པ་འཁྱོར་བའི་ནམ་དུས་དེར།།
ཟོག་རྫི་རྫི་གླུ་ཟད་པའི་ཡུལ་ལུང་དེར།།
ཇི་ཙམ་རིད་ཀྱང་སེམས་ལ་སྟོབས་ཤིག་ཡོད།།
དེ་ཡང་ཡུལ་མེད་བདག་འདྲ་ཉིད་ཀྱིས་དྲན།།

དབྱར་ཀ
མེ་ཏོག་མཛེས་པས་དཀྲིགས་པའི་ནམ་དུས་དེར།།
ནོར་ལུག་ཉམས་ཀྱིས་བརྗིད་པའི་ཡུལ་ལུང་དེར།།
དེ་ལས་ལྷག་པའི་མཛེས་ཉམས་སེམས་ལ་ཡོད།།
དེ་ཡང་ཡུལ་མེད་བདག་འདྲ་ཉིད་ཀྱིས་དྲན།།

སྟོན་ཁ།
ལོ་ཡག་སྙེ་མ་རྒྱས་པའི་ནམ་དུས་དེེར།།
མི་ཟོག་སྣུམ་གྱིས་ཚོས་པའི་ཡུལ་ལུང་དེར།།
བདེ་སྐྱིད་འཚོ་བའི་ཚོར་བ་སེམས་ལ་ཡོད།།
དེ་ཡང་ཡུལ་མེད་བདག་འདྲ་ཉིད་ཀྱིས་དྲན།།

Related Articles