ཁ་བའི་ཐིགས་པ།

ནགས་ཀྱི་ཤིང་ལོ་ནས།

རི་བོ་མཐོ་ས་དང་ས་གཞི་གཙང་ས་ཞིག་ན་ཁ་བའི་འདབ་མ་རིམ་གྱིས་བརྩེགས་ནས་གོ་ལའི་ཏོག་ཏུ་གྱུར་་་་་
ཉི་འོད་ཀྱིས་དཀར་མདངས་རྒྱས་པའི་ཁ་བའི་རི་ནི་ནམ་ཡང་གཡོ་བ་མེད་ཅིང་ས་སྒང་འདིར་རྟག་ཏུ་བརྟན་་་་་
གངས་རི་ལས་བྱུང་ཞིང་ཁ་བའི་མི་ནི་རྒྱུན་དུ་འཛུམ་གྱིས་འཁྱུད་ཅིང་བག་ཕེབས་པའི་གཤིས་ཀ་དེས་་་་་
ཁ་ཆར་དང་བུ་ཡུག་མོད་པའི་མཐོ་སྒང་དེ་རུ་མ་ཎི་དབྱངས་སུ་གྱེར་ཞིང་དད་པའི་ལག་ཟུང་སྙིང་ཁར་སྦྱར།

གངས་རི་ནས་བཞུར་བའི་ཆུ་རྒྱུན་རེ་རེར་བྱིན་རླབས་ཀྱི་མངར་ཁ་རྒྱས་ནས་རྦ་རླབས་དང་ལྷན་དུ་་་་་
ཤག་ཤག་གི་འབབ་སྒྲ་དང་བཅས་ཏེ་རི་ལུང་ཡོད་ཚད་ནས་ལྷུང་ལྷུང་གི་འགྲོས་ཀྱིས་རྒྱ་མཚོ་རུ་འཁྱིལ་་་་་
གངས་ཆུ་དྭངས་མའི་འཚོ་བཅུད་ཀྱི་ཐིགས་པ་རེ་རེས་གོ་ལའི་ཚེ་སྲོག་གི་རྩ་བ་རུ་གསོན་ཤུགས་གཏམས་་་་་
ཆད་པ་མེད་པའི་ཁ་བའི་འདབ་མ་རེ་རེས་རྫོགས་པ་མེད་པའི་གངས་རིའི་ཆུ་རྒྱུན་རེ་རེའི་ས་བོན་བཏབ།

གངས་རི་ནས་མཆེད་ཅིང་ཁ་བ་ནས་འཁྲུངས་པའི་ཨ་ནུ་ཞིག་གིས་འཕགས་བོད་ཀྱི་ས་ཐག་གོམ་གྱིས་འཇལ་་་་་
ཚ་བས་འབར་བའི་ཡུལ་གྲུ་དེར་དཀའ་སྡུག་གི་རྔུལ་ཆུས་ཤ་རུས་གཙེས་ཀྱང་བློ་རིག་གི་ངར་ཁ་མ་ཉམས་་་་་
གཙང་པོ་ལ་བྲིས་པའི་རི་མོ་ཞིག་སྟེ་ནམ་ཡང་ནུབ་མེད་ཀྱི་ཀ་སོགས་སུམ་ཅུ་ཆུ་བོའི་རྒྱུན་དང་འགྲོགས་་་་་
ཡང་ཡང་རླབས་ཀྱིས་སྐྱོམ་དུས་ཁ་རྩང་དེ་རིང་དབྱངས་གསལ་སོ་བཞིས་རྒྱལ་ཁམས་སྐོར་བཞིན་གླུ་དབྱངས་ལེན།།

༢༠༡༧—༦—༡༢

Related Articles