བོད།

ནགས་ཤོད་ཅོང་བརྡ།

༡༽གཏམ་རྒྱུད་དྭངས་གཙང་གསེར་ནག་བཞུས་མའི་གཙང་ཆབ་འདྲ་བའི་ཕུ་རིང་བ་དེའི་གཏིང་ཁོག་ན།

རྒོད་པོའི་མཚན་རྟགས་གནམ་ས་གཉིས་ཀྱི་ཐུ་འོག་ལ་མི་ཤོང་པའི་ཐ་སྙད་ཀྱིས་ཡོངས་སུ་བསྐངས་ཡོད་པའི་མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་དང་། སྟོབས་དང་འབྱོར་བ་མཁའ་ལ་རེག་ཅིང་དཔའ་དང་མཛངས་བས་གནམ་ས་གཡོ་མྱོང་བའི་བསིལ་ལྡན་བྷོ་ཊའི་ལྗོངས་ཀྱི་ཡབ་མེས་གོང་མ་རྣམ་པ། སུམ་གཉིས་ས་ཡི་དཀྱིལ་འཁོར་རྡོག་པའི་ཞབས་སུ་བཅུག་མྱོང་བའི་སྤུར་རྒྱལ་གྱི་བཙད་པོ་རིམ་བྱོན། གཏན་ནས་བསུབ་ཏུ་མེད་པའི་མི་རིགས་ཀྱི་དན་རྟགས་གསོན་པོ་དང་ལ་རྒྱའི་དར་ཆ་མཐོན་པོ། རང་ཉིད་ཀྱི་མགོ་བོ་རང་ཉིད་ཀྱིས་བཏེགས་ཤིང་རང་ཉིད་ཀྱི་རྒལ་ཚིགས་རང་ཉིད་ཀྱིས་སྲུང་མྱོང་བའི་བསིལ་ལྡན་དྭགས་པའི་ཞིང་མཆོག་ཡངས་མོ།

༢༽ཁྱོད་ལ་ཁྲག་གི་ལག་པ་དམར་པོ་ཞིག་གིས་སྐེ་རྩ་ནས་སྒག་དུས། སྲིན་པོ་ལག་རིང་ཞིག་གིས་ཁྱོད་ཀྱི་ཕྲག་པ་ནས་དམ་པོར་སྙབ་སྟེ་སྤྲུག་སྤྲུག་ཐེངས་མང་གཏོང་སྐབས། སྤྱང་ཀི་ལྟོགས་པ་ཞིག་གིས་ཁྱོད་ཀྱི་གཏིང་རྩའི་ཞབས་ནས་དཀྲུག་བཞིན་ནང་གི་ཟུངས་ཁྲག་དྲོན་མོ་བཙན་གྱིས་འཇིབ་དུས། གཤོག་ལྡན་གནམ་ལ་འཕུར་དབང་དང་སུག་ལྡན་ས་ལ་འགྲོ་སྐལ་མེད་པའི་འཇིགས་གཡེར་གྱི་མཚན་རིང་ཞིག་ལ། འཆི་ལྟས་སྣ་ཚོགས་མགོ་རུ་ལྷུང་སྟེ་ཉམས་དམའ་ཞིང་གཉའ་ཕྲ་བའི་མུན་ནག་གི་མཚན་མོ་དགུ་བརྩིག་དེར། བོད་ཁམས་ཡོངས་རྫོགས་ཁ་བ་དང་བུ་ཡུག་གིས་གཡོགས་ཤིང་འཁྱགས་བག་ངར་མས་ལུས་སེམས་གཉིས་ཀ་དམ་དུ་བཅིངས་ཏེ། རྐང་གཉིས་ཀྱི་མི་བུ་རྩ་བ་རུལ་བའི་སྡོང་རྒན་འགྱིལ་འགྱིལ་དང་། སྙིང་ཁྲག་དྲོན་མོ་རི་གཟར་གྱི་རྦབ་ཆུ་བཞུར་བཞུར་བྱས་པའི་དམྱལ་བའི་ཡུལ་གྲུ་ཆེན་པོ་དེར། ས་གཞི་ཡངས་མོ་མདེའུ་ཤུབས་ཀྱིས་གང་ཞིང་ནམ་མཁའ་དྭངས་མོ་དུད་སྤྲིན་གྱིས་ཀུན་ནས་ཁྱབ་པའི་ཉིན་དེར།

༣༽ནར་མ་སོན་བའི་ཁྱེའུ་ཆུང་ཆུང་ཞིག་གིས་ལྗིད་ཏིག་ཏིག་གི་འགན་འཁྲི་རི་རབ་ལྷུན་པོ་འདྲ་བའི་ཁུར་ཆེན་ཞིག་གཉའ་བར་བཏེགས་ཏེ། སྐྱ་ཤར་ཤར་གྱི་ལམ་བུ་ཞིག་བསྟན་བྱུང་ལ་གསལ་ལྷང་ལྷང་གི་དཀར་མེ་ཞིག་ཀྱང་སྒྲོན་མྱོང་། མ་ཟད་ལག་པས་ལག་པ་ནས་བཟུང་སྟེ་གོམ་པ་རེ་རེ་བཞིན་མདུན་དུ་འཁྲིད་མྱོང་ལ་རེ་བ་མེད་ས་དེར་རེ་བ་སོ་མ་ཞིག་ཀྱང་གནང་མྱོང་། ཐོར་རླུང་དང་ཁ་བ་བུ་ཡུག་དྲག་ཏུ་ལྡང་དུས་ཁྱེད་ནི་སྲིད་པའི་སྦྲ་རྒན་སྨུག་པོ་དེ་ཡིན་ལ། མདའ་མདུང་དང་མཚོན་གྱི་དྲག་ཆར་རབ་ཏུ་བབས་དུས་ཁྱེད་ནི་སེར་པོ་གསེར་གྱི་ཁྲབ་རྨོག་སྲ་བོ་དེའང་ཡིན། འགྲོ་མ་ཐུབ་ན་ཁྱེད་ནི་རྟ་ཕོ་རྐྱང་བུ་ཁ་དཀར་ཡིན་ལ། འདུག་མ་བདེ་ན་ཁྱེད་རིན་ཆེན་སྣ་ལྔའི་བཞུགས་ཁྲི་དང་། དབྱངས་མོ་ལུག་གི་བལ་གདན་འཇམ་པོ་དེ་ཡིན་ཨང་། རྒྱབ་འཁྱག་ན་པགས་ལྭ་དྲོ་བོ་དང་། མདུན་ལྟོགས་ན་ཤ་ཐུད་དང་ཇ་ཆང་བྱས་ནས་མི་ལོ་བཅུ་ཆུན་ལྔ་ཙམ་འདས།

༤༽རེད་དེ། དེ་རིང་ད་དུང་ཡང་ད་ལྟ་གོམ་པ་བདེ་མོ་དང་འཚམས་པོ་ཞིག་སྤོ་མི་ཤེས་པའི་ང་ཚོ་སྟེ། སྐབས་འདིར་ཟས་སྐོམ་རན་པོ་ཞིག་ཀྱང་བཟའ་མི་ཤེས་པའི་ང་ཚོ། ད་དུང་སྐེ་རགས་ཁྲིག་ཁྲིག་ཅིག་བསྡམ་མི་ཤེས་པའི་ང་ཚོ། རང་མགོ་རང་གིས་བཏེགས་པའི་སྤོབས་པ་བག་ལ་ཞ་ཞིང་དགུན་ཚེགས་རྣོ་པོ་དང་དབྱར་ཐན་སྐྱ་བོ། སྟོན་རླུང་འཚུབ་མ་དང་སོས་ཀའི་མུག་ཤི་སོགས་ལ་གདོང་གཏད་པའི་སྟ་གོན་ཙམ་ཡང་མེད། དེ་རིང་ད་དུང་ང་ཚོར་ཕུགས་བསམ་མེད་པ་མ་ཟད། གནས་བབས་བརྗེད་པའི་མི་བུ་ཡང་ཧ་ཅང་མང་། དེ་རིང་ང་ཚོར་ཕྱི་ནང་དང་ཡག་བཙོག་གཙོ་ཕལ་དག་གསལ་གསལ་མི་ཤེས་པའི་དུད་འགྲོ་ལྟ་བུའི་བླན་ལྐུག་ཧ་ཅང་མང་། དེ་རིང་ང་ཚོར་རྩྭ་ཉིན་ནས་བཟའ་ཞིང་ལྕི་བ་སྲིབ་ཏུ་གཏོང་མཁན་གྱི་མགོ་གཉིས་ཡ་མ་ཟུང་ཡང་ཧ་ཅང་མང་། དེ་རིང་ད་དུང་འོ་སྐོལ་ལ་ཁང་ཁྱིམ་མེད་ལ་བཟའ་འབྲུ་ཡང་མེད།

༥༽སང་ཉིན་འུ་ཅག་སྤང་སྐྱིད་ས་ཞིག་ན་གནས་བཅའ་དགོས་པས། ཆུ་བཟང་ས་ཞིག་ན་སྒར་འབབ་དགོས་པས། ལ་མཐོ་ས་ཞིག་ནས་ཀི་འདེབས་དགོས་པས། དེ་རིང་ནས་འུ་ཅག་ལངས་དགོས་ལ་དེ་རིང་ནས་འུ་ཅག་འགྲོ་དགོས། མགྲིན་པ་གྱེན་དུ་སྒྲེངས་དང་སྤུན་དང་ན་ཟླ་ཚོ། མིག་ཟུང་རིང་དུ་སྲིངས་དང་གཉེན་ཉེ་ནང་མི་ཚོ། ཕྱག་ཟུང་དལ་གྱི་འགུལ་དང་ཕུ་ནུ་མིང་སྲིང་ཚོ། ང་ཚོའི་རྒྱབ་ན་བདེན་པའི་དམག་དཔུང་དཀར་པོ་ཡོད། ང་ཚོའི་རྒྱབ་ན་ལས་འབྲས་ཉི་མ་སེར་པོ་ཡོད། ང་ཚོའི་རྒྱབ་ན་དྲང་བདེན་ཆུ་ཡི་རྦ་རླབས་དྲག་ཏུ་འཕྱོ། སྤོབས་པ་དགུང་སྔོན་དབྱིངས་སུ་སྒྲེངས་དང་ན་ཟླ་ཚོ། བདེན་པ་གནམ་ས་གཉིས་ཀྱི་མཐའ་རུ་སྐྱེལ་དུ་འགྲོ་དང་ཨ་རོགས་བློ་དཀར་ཚོ། རང་དབང་ཉི་ཟླ་ཁ་སྤྲོད་བསུ་རུ་འགྲོ་དང་འཐབ་གྲོགས་གཞུང་དྲང་ཚོ། བོད་ཀྱི་གདུགས་དཀར་ཕྱོགས་བཅུར་ཁྱབ་པར་ཤོག།

༢༠༡༥/༢/༥/ལ།

Related Articles