མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་ལ་ཅུང་ཙམ་དཔྱད་པ་རྒྱ་མཚོའི་ཐིགས་པ་ཞེས་བྱ་བ།

ནགས་ཀྱི་ཤིང་ལོ།

བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། །

དྲི་མེད་ཤེས་རབ་འོད་ཀྱིས་སྐྱེ་དགུའི་མ་རིག་མུན་པ་བསལ་མཛད་པ། །

འཇིག་རྟེན་ཁམས་འདིར་ཀུན་དང་ཡོངས་ཀྱི་མ་འདྲིས་གཉེན་གཅིག་ཟས་གཙང་སྲས། །

སྟོན་མཆོག་མཉམ་མེད་ཤཱཀྱ་ཐུབ་པ་རྩེ་གཅིག་གུས་པའི་ཕྱག་གི་ཡུལ། །

ཐོས་བརྩོན་སྐྱེས་སྦྱངས་ཤེས་རབ་རབ་ཕྱུག་མདོ་སྡེ་ལྔ་བརྒྱའི་བདག་པོར་གྱུར། །

བསམ་པའི་དཔྱད་སྟོབས་བློ་རྩལ་རྩལ་གྱིས་འཇིག་རྟེན་ཁམས་ཀྱི་བཀོད་པ་བཞེངས། །

སྒོམ་སྟོབས་དམ་ཆོས་ཚུལ་བཞིན་བཞིན་དུ་སྤྱོད་པས་སྟོན་པ་གཉིས་པ་ཞེས། །

མཁས་མཆོག་དབྱིག་གཉེན་ཞེས་གྲགས་གྲགས་པས་ཁྱབ་དེར་གུས་པས་འདུད། །

ཆོས་མངོན་མཛོད་ཀྱི་བཤད་བྱ་རྒྱ་མཚོའོ་དེ་ཡི་ཐིགས་པ་ཙམ། །

ཁ་ཆེ་བྱེ་སྨྲའི་ལུགས་ཀྱི་འདུས་མ་བྱས་ཀྱི་གྲངས་ཀྱི་ཚད། །

ཅུང་ཙམ་དཔེ་ཀློག་བྱས་པའི་དུས་ཀྱི་རིན་པ་བསབ་ཕྱིར་དང་། །

གཞན་ཕྱིར་མ་བྱས་རང་ཉིད་བློ་ལ་གོམས་ཕྱིར་ཅུང་ཙམ་འབྲི། །

 

དེ་ཡང་བཤད་པར་བྱ་བའི་རྩ་བ་ནི། “འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །”ཞེས་པའི་སྐབས་སུ། བཤད་པའི་སྐབས་དབྱེ་བ་དང་། དོགས་པ་དགོད་པ། ཅུང་ཙམ་མཐའ་དཔྱད་པའི་ཚུལ་དང་གསུམ་ལས།

དང་པོ་བཤད་པའི་སྐབས་དབྱེ་བ་ནི། བྱེ་བྲག་སྨྲ་བའི་ལུགས་སུ་འདུས་མ་བྱས་གསུམ་དུ་ངེས་པ་གསུངས་པ་དང་བཞི་རུ་གསུངས་པའི་ཚུལ་གཉིས་ཡོད་པ་ལས། དང་པོ་ནི། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། “འདུས་མ་བྱས་རྣམ་གསུམ་ཡང་སྟེ། །”ཞེས་པ་དང་། ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས། “འདུས་མ་བྱས་རྣམ་གསུམ་ཡང་སྟེ། །ཞེས་བྱ་བའོ། །རྣམ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། །ཞེས་བྱ་བ་སྟེ། གཉིས་གང་ཞེ་ན། སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ།” ཞེས་གསུངས། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་ལས། “འདུས་མ་བྱས་རྣམ་གསུམ་གང་ཞེ་ན་ཞེས་བྱ་བ་ནི་མ་གྲགས་པའི་ཕྱིར་རོ། །འདྲི་བའོ། །རྣམ་གསུམ་སྨོས་པ་ནི་འདི་ཙམ་ཡིན་པར་ངེས་པར་གཟུང་བ་ཡིན་ནོ། །ཁ་ཅིག་འདུས་མ་བྱས་མྱ་ངན་ལས་འདས་པ་གཅིག་ཁོ་ནར་ཟད་པར་སྨྲ་བར་ཡང་ཡོད་དོ།  །འདི་ལྟ་སྟེ། གནས་མའི་བུའི་སྡེ་པ་དག་ལྟ་བུའོ། །བྱེ་བྲག་པ་དག་ནི་འདུས་མ་བྱས་རྡུལ་ཕྲ་རབ་ལ་སོགས་པ་མང་དུ་བརྗོད་དེ་དེ་དག་གི་གཞུང་ལུགས་དགག་པའི་ཕྱིར་འདི་ཙམ་ཞིག་ཏུ་ངེས་པར་གཟུང་བ་ཡིན་ནོ། །”ཞེས་གསུངས་པ་དང་། ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ལས།  “ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམ་གསུམ་ཡང་སྟེ། །རང་གི་ངོ་བོའི་སྒོ་ནས་སྨོས་ལ། མཚན་ཉིད་ནི། གང་ཕྱིར་དེ་དག་ལ།  ཟག་རྣམས་རྒྱས་པར་མི་འགྱུར་རོ། །ཞེས་སྨྲས་ཟིན་པ་བཟློག་པའི་སྒོ་ནས་རྟོགས་པ་ཉིད་དོ། །དེའི་ཕྱིར་འདི་ནི་མཚན་ཉིད་བརྗོད་པར་བྱ་བའི་ཕྱིར་སྨྲས་ཟིན་པའི་དོན་རྗེས་སུ་བརྗོད་པ་ཡིན་པས་འདུས་མ་བྱས་ནི་རྟེན་གྱི་ཕྱིར་དང་། རབ་ཏུ་མ་གྲགས་པའི་ཕྱིར་སྨོས་སོ། །དང་གི་སྒྲ་ནི་བསྡུ་བའི་དོན་ཏོ། །ཡང་གི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ། །ལུགས་གཞན་དགག་པར་བྱ་བའི་ཕྱིར། རྣམ་པ་གསུམ་ཁོ་ནའོ་ཞེས་སྟོན་པར་བྱེད་དེ།” ཞེས་གསུངས། ཆོས་མངོན་པའི་འགྲེལ་པ་གནད་ཀྱི་སྒྲོན་མ་ལས། “འདུས་མ་བྱས་རྣམ་གསུམ་ཡང་སྟེ། །རྣམ་པ་གསུམ་གང་ཞེ་ན། ནམ་མཁའ་དང་ནི་འགོག་པ་གཉིས། །གཉིས་གང་ཞེ་ན། སོ་སོར་བརྟགས་པས་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་སྟེ། དེ་ལྟར་ན་ནམ་མཁའ་ལ་སོགས་པ་འདུས་མ་བྱས་གསུམ་པོ་དེ་དག་དང་ལམ་གྱི་བདེན་པ་ནི་ཟག་པ་མེད་པའི་ཆོས་རྣམས་ཏེ། དེ་དག་ལ་ཟག་པ་རྒྱས་པར་འགྱུར་བ་མེད་པའི་ཕྱིར་རོ། །”ཞེས་གསུངས། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན་ལས། “གལ་ཏེ་དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་རྣམ་པ་གསུམ་དུ་བརྗོད་ཅེ་ན། དེ་བཞིན་ཉིད་ནི་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་སྡེ་པ་དག་གིས་མི་འདོད་ལ། གང་ཟག་གི་བདག་མེད་ནི་བདེན་བཞིའི་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་ལ་འདོད་པས་ན། འགོག་བདེན་གྱི་རྣམ་པ་རྣམས་ནི་སོ་སོར་བརྟགས་འགོག་གི་ངོ་བོ་ཉིད་ཡིན་ལ། བདེན་པ་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པའི་ཕྱིར་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །”ཞེས་གསུངས།   

གཉིས་པ་འདུས་མ་བྱས་བཞི་རུ་གསུངས་པ་ནི། དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ་ལས། “འདུས་མ་བྱས་ནི་འགོག་གཉིས་དང་། །ནམ་མཁའ་དང་ནི་དེ་བཞིན་ཉིད། །”ཅེས་དང་། དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ལས། “བྱེ་བྲག་ཏུ་སྨྲ་བའི་གཞུང་གིས་བཤད་པ།  འདུས་མ་བྱས་ནི་འགོག་གཉིས་དང་། །ནམ་མཁའ་དང་ནི་དེ་བཞིན་ཉིད། །ཅེས་བྱ་བ་ལ་འདུས་མ་བྱས་ནི་སོ་སོར་བརྟགས་ཏེ་འགོག་པ་དང་། སོ་སོར་མ་བརྟགས་པར་འགོག་པ་དང་། ནམ་མཁའ་དང་དེ་བཞིན་ཉིད་དོ། །” ཞེས་གསུངས། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར་ལས། “ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་གང་དག་ནམ་མཁའ་ལ་སོགས་པ། འདུས་མ་བྱས་གསུམ་དུ་སྨྲ་ཞིང་དེ་དག་ཀྱང་རྟག་པར་འདོད་དེ། དེ་དག་ནི། ཟག་མེད་ལམ་གྱི་བདེན་པ་དང་། །འདུས་མ་བྱས་རྣམས་གསུམ་ཡང་སྟེ། །ནམ་མཁའ་དང་ནི་འགོག་པ་གཉིས། །དེ་ལ་ནམ་མཁའ་མི་སྒྲིབ་པ། །སོ་སོར་བརྟགས་པས་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པས། །ཞེས་སྨྲ་ཞིང་དེ་དག་རྟག་པར་ཁས་ལེན་པའོ། །ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བ་དག་ནི་འདུས་མ་བྱས་བཞིར་འདོད་པས། གལ་ཏེ་དེ་ལྟ་ཡིན་ན་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་ཁོ་བོ་ཅག་གི་ཕྱོགས་ལ་ཡང་སྐྱེ་བ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འདུས་མ་བྱས་ཉིད་ཡོད་པར་གྲུབ་སྟེ། འདི་ལྟར་འདུས་མ་བྱས་བཞི་པོ་དག་ནི་ཁོ་བོ་ཅག་གི་ཕྱོགས་ལ་ཡང་རྫས་སུ་ཡོད་པར་འདོད་པའི་ཕྱིར་ཏེ། བཞི་གང་ཞེ་ན། ནམ་མཁའ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། སོ་སོར་བརྟགས་པའི་འགོག་པ་དང་། དེ་བཞིན་ཉིད་དོ་ཞེས་རྩོད་པ་སྨྲ་སྟེ།” ཞེས་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་འདུས་མ་བྱས་གསུམ་དུ་འདོད་པ་དང་། ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བས་འདུས་མ་བྱས་བཞིར་འདོད་པར་གསུངས། དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་ལས། “དེ་བཞིན་ཉིད་ཀྱང་འདུས་མ་བྱས་མ་ཡིན་ནམ་ཅིའི་ཕྱིར་འདུས་མ་བྱས་གསུམ་དུ་ངེས་ཤེེ་ན། དེ་བཞིན་ཉིད་བདག་མེད་པ་ལ་འདོད་ན་ཆོས་ཀྱི་བདག་མེད་ནི་འདིར་མི་འདོད་ལ་གང་ཟག་གི་བདག་མེད་ནི་འདུས་མ་བྱས་དང་། བདེན་བཞིའི་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་རྣམ་པ་སྟོང་བདག་མེད་གཉིས་མ་གཏོགས་པ་འགའ་ཞིག་ནི་འདུས་བྱས་ཡིན་ཞིང་དེ་བཞིན་ཉིད་ཅེས་བྱ་བའི་འདུས་མ་བྱས་ལོགས་པ་ནི་མེད་དོ། །”ཞེས་གསུངས།

གཉིས་པ་དོགས་པ་དགོད་པ་ལ།  འདུས་མ་བྱས་གསུམ་དུ་ངེས་པ་གསུངས་པ་ལ་དོགས་པ་དགོད་པ་དང་། བཞི་རུ་ངེས་པ་གསུངས་པ་ལ་དོགས་པ་དགོད་པའོ། །དང་པོ་གསུམ་དུ་ངེས་པ་ལ་དོགས་པ་དགོད་པ་ནི། དེ་བཞིན་ཉིད་ཅེས་པའི་འདུས་མ་བྱས་ལོགས་ཤིག་ཏུ་མེད་པའི་རྒྱུ་མཚན་ནི། བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ལས། འགོག་བདེན་གྱི་རྣམ་པ་བཞི་ནི་འགོག་པའི་ངོ་བོ་དང་། བདེན་པ་གཞན་གསུམ་གྱི་རྣམ་པ་རྣམས་ནི་འདུས་བྱས་ཀྱི་བདག་ཉིད་ཡིན་པར་གསུངས་པས། སྡུག་བདེན་གྱི་རྣམ་པ་བཞི་འདུས་བྱས་ཡིན་ན། སྟོང་བདག་མེད་གཉིས་འདུས་བྱས་སུ་འགྱུར་ལ། དེ་ལྟར་ན། ཀུན་འབྱུང་གི་རྣམ་པ་བཞི་དང་། ལམ་བདེན་གྱི་རྣམ་པ་བཞི། སྡུག་བདེན་གྱི་རྣམ་པ་མི་རྟག་པ་དང་སྡུག་བསྔལ་བ་གཉིས་ཏེ་རྣམ་པ་བཅུ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ཡུལ་ཡིན་པ་དེ་བཞིན་དུ་སྟོང་བདག་མེད་གཉིས་ཀྱང་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ཡུལ་དུ་འགྱུར་ལ། དེ་ལྟར་ན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། “མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང་། །”ཞེས་དང་། ཆོས་མངོན་པའི་མཛོད་ཀྱི་བཤད་པ་ལས། “ཡང་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་དང་། ཏིང་འཛིན་གསུམ་གསུངས་ཏེ། དེ་ལ། མཚན་མེད་ཞི་བའི་རྣམ་པ་དང་། །འགོག་པའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པ་སྟེ། རྣམ་པ་བཞི་པ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་མཚན་མ་བཅུ་དང་བྲལ་བའི་ཕྱིར་མཚན་མ་མེད་པ་ཡིན་ལ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཡིན་ཏེ། མཚན་མ་བཅུ་ནི་ཡུལ་ལྔ་དང་། ཕོ་དང་མོ་དང་འདུས་བྱས་ཀྱི་མཚན་ཉིད་རྣམས་སོ། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་ བདག་མེད་པ་དང་སྟོང་པ་ཉིད་ཀྱི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་དེ། རྣམ་པ་གཉིས་པ་ཡིན་ནོ། །་ སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང་། །བདེན་པ་ལྷག་མའི་རྣམ་པ་དག་དང་མཚུངས་པར་ལྡན་པའི་ཏིང་ངེ་འཛིན་ནི་སྨོན་པ་མེད་པ་སྟེ། རྣམ་པ་བཅུ་ཡིན་ནོ། །མི་རྟག་པ་དང་སྡུག་བསྔལ་བ་དང་དེའི་རྒྱུ་དག་གིས་ཡིད་འབྱུང་བའི་ཕྱིར་དང་། ལམ་ཡང་གདོན་མི་ཟ་བར་གཟིངས་ལྟ་བུར་དོར་བར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར། དེའི་རྣམ་པ་ཅན་གྱི་ཏིང་ངེ་འཛིན་ནི་སྨོན་པ་མེད་པ་ཡིན་ཏེ།” ཞེས་འགོག་བདེན་གྱི་རྣམ་པ་བཞི་ལ་དམིགས་པའི་ཏིང་ངེ་འཛིན་མཚན་མེད་ཀྱི་ཏིང་འཛིན་དང་། སྡུག་བདེན་གྱི་རྣམ་པ་སྟོང་བདག་མེད་གཉིས་ལ་དམིགས་པའི་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཏིང་འཛིན་དང་། སྡུག་བདེན་གྱི་རྣམ་པ་ལྷག་མ་གཉིས་དང་ཀུན་འབྱུང་གི་རྣམ་པ་བཞི་དང་ལམ་བདེན་གྱི་རྣམ་པ་བཞི་སྟེ་རྣམ་པ་བཅུ་ལ་དམིགས་པའི་ཏིང་ངེ་འཛིན་སྨོན་མེད་ཀྱི་ཏིང་འཛིན་དུ་གསུངས་པ་བཞིན་དུ་མཛོད་ཀྱི་འགྲེལ་མཛད་ཐམས་ཅད་མཐུན་པས། སྡུག་བདེན་གྱི་རྣམ་པ་སྟོང་བདག་མེད་གཉིས་འདུས་བྱས་ཡིན་ན་མཛོད་རྩ་འགྲེལ་ཐམས་ཅད་དང་འགལ་བའི་དོགས་པ་ཡོད། དོགས་གཅོད་འོག་ནས་གསལ།

གཉིས་པ་འདུས་མ་བྱས་བཞི་རུ་ངེས་པ་གསུངས་པ་ལ་དོགས་པ་དགོད་པ་ནི། གལ་ཏེ་སྡུག་བསྔལ་བདེན་པའི་རྣམ་པ་སྟོང་བདག་མེད་གཉིས་འདུས་བྱས་མ་ཡིན་པར་འདུས་མ་བྱས་ཡིན་ན། ལུང་མ་བསྟན་གྱི་འདུས་མ་བྱས་སུ་འགྱུར་ལ། དེ་ལྟར་ན། ཆོས་ཤེས་དང་རྗེས་ཤེས་ཀྱིས་སྡུག་བསྔལ་བདེན་པའི་རྣམ་པ་སྟོང་བདག་མེད་གཉིས་ལ་དམིགས་པ་ཡོད་པས་འདུས་མ་བྱས་ལུང་མ་བསྟན་ལ་ཡང་དམིགས་པར་འགྱུར་བས། ཆོས་ཤེས་ཀྱི་ཡུལ་དུ་འདོད་པའི་མཚུངས་ལྡན་ཡིན་མིན་གཉིས་དང་། ཟག་མེད་མཚུངས་ལྡན་ཡིན་མིན་གཉིས། འདུས་མ་བྱས་དགེ་བ་དང་ལུང་མ་བསྟན་གཉིས་ཏེ་ཆོས་དྲུག་དང་། རྗེས་ཤེས་ཀྱི་ཡུལ་དུ་ཁམས་གོང་མ་གཉིས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་བཞི་དང་། ཟག་མེད་མཚུངས་ལྡན་ཡིན་མིན་གཉིས། འདུས་མ་བྱས་དགེ་བ་དང་ལུང་མ་བསྟན་གཉིས་ཏེ་ཆོས་བརྒྱད་དུ་འགྱུར་ལ། དེ་ལྟར་གྱུར་ན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། “ཆོས་བཅུ་དག་ནི་སྦྱར་བར་བྱ། །ཁམས་གསུམ་པ་དང་དྲི་མེད་ཆོས། །འདུས་མ་བྱས་རྣམས་གཉིས་གཉིས་སོ། །”ཞེས་ཤེས་བྱ་ཐམས་ཅད་ཆོས་བཅུ་རུ་བསྡུས་ནས་བཅུ་པོ་དེ་ཤེས་པ་བཅུ་ཡི་ཡུལ་དུ་འགྱུར་ཚུལ་གསུངས་པའི་སྐབས་སུ། ཆོས་བཅུ་ནི་འདི་ལྟར། འདོད་པའི་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་གཉིས། གཟུགས་ཀྱི་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་གཉིས། གཟུགས་མེད་ཀྱི་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་གཉིས། དེ་བཞིན་དུ་ཟག་མེད་མཚུངས་ལྡན་དང་མཚུངས་ལྡན་མ་ཡིན་པ་གཉིས་དང་། འདུས་མ་བྱས་དགེ་བ་དང་ལུང་མ་བསྟན་གཉིས་ཏེ་ཆོས་བཅུ་རུ་གསུངས་པ་དང་། ཆོས་བཅུ་པོ་དེ་ཤེས་པ་བཅུའི་ཡུལ་དུ་འགྱུར་ཚུལ་ནི། ཀུན་རྫོབ་ཤེས་པའི་ཡུལ་དུ་ཆོས་བཅུ་པོ་ཐམས་ཅད་དང་། ཆོས་ཤེས་ཀྱི་ཡུལ་དུ་འདོད་པའི་མཚུངས་ལྡན་ཡིན་མིན་གཉིས་དང་ཟག་མེད་མཚུངས་ལྡན་ཡིན་མིན་གཉིས་ཏེ་བཞི་དང་འདུས་མ་བྱས་དགེ་བ་སྟེ་ཆོས་ལྔ་ལ་དམིགས་པ་དང་། རྗེས་ཤེས་ཀྱི་ཡུལ་དུ་ཁམས་གོང་མ་གཉིས་ཀྱི་མཚུངས་ལྡན་ཡིན་མིན་གཉིས་གཉིས་ཏེ་བཞི་དང་ཟག་མེད་མཚུངས་ལྡན་ཡིན་མིན་གཉིས་དང་འདུས་མ་བྱས་དགེ་བ་སྟེ་ཆོས་བདུན་ལ་དམིགས་པ་ལས། འདུས་མ་བྱས་ལུང་མ་བསྟན་ཆོས་ཤེས་དང་རྗེས་ཤེས་ཀྱི་ཡུལ་དུ་མཛོད་རྩ་འགྲེལ་གང་དུ་ཡང་གསུངས་པ་མེད་པས། གལ་སྲིད་སྡུག་བདེན་གྱི་རྣམ་པ་སྟོང་བདག་མེད་གཉིས་པོ། དེ་བཞིན་ཉིད་ཅེས་པའི་འདུས་མ་བྱས་ལོགས་ཤིག་ཡོད་ན་ཆོས་ཤེས་དང་རྗེས་ཤེས་ཀྱི་ཡུལ་ལ་རིམ་བཞིན་ཆོས་དྲུག་དང་བདུན་དུ་འགྱུར་ལ། དེ་ལྟར་ན། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། “ཆོས་བཅུ་དག་ནི་སྦྱར་བ་བྱ། །”ཞེས་པའི་ཐད་ཀྱི་རང་འགྲེལ་དང་མཛོད་ཀྱི་འགྲེལ་བྱེད་གཞན་ཐམས་ཅད་དང་འགལ་བའི་ཉེས་པ་ཡོད།

གསུམ་པ་ཅུང་ཙམ་མཐའ་དཔྱད་པའི་ཚུལ་ནི། འོ་ན་བྱེ་བྲག་སྨྲའི་ལུགས་འདིར་འདུས་མ་བྱས་གསུམ་དུ་ངེས་པ་དང་བཞིར་ངེས་པའི་གསུང་ཚུལ་གཉིས་ཡོད་ན། ཚུལ་གཉིས་པོ་དེ་གང་ཁུངས་བཙན་པ་དང་རྩ་བ་ལ་གང་མཐུན་ཆེ་བ་ནི། འདུས་མ་བྱས་གསུམ་དུ་ངེས་པ་གསུངས་པ་དེ་ཁུངས་བཙན་པ་དང་མཛོད་རྩ་བ་ལ་མཐུན་ཆེ་བ་མཐོང་། རྒྱུ་མཚན་ནི་གོང་དུ་དྲངས་པའི་མཛོད་རྩ་བ་དང་རང་འགྲེལ། འགྲེལ་བ་རྒྱལ་སྲས་མ་དང་གང་སྤེལ། ཆོས་མངོན་པའི་འགྲེལ་པ་གནད་ཀྱི་སྒྲོན་མ། མཛོད་འགྲེལ་མངོན་པའི་རྒྱན་སོགས་མཛོད་ཀྱི་འགྲེལ་པ་གྲགས་ཆེ་བ་ཐམས་ཅད་ཞལ་མཐུན་པ་ཡིན། དེས་ན་མཛོད་རྩ་འགྲེལ་གྱི་གཞུང་ཁུངས་མ་ཐམས་ཅད་ཀྱིས་འདུས་མ་བྱས་གསུམ་དུ་ངེས་པ་གསུངས་པ་དེ་བཞིན་དུ་འདོད་ན། འོ་ན་དབུ་མ་སྙིང་པོ་རྩ་འགྲེལ་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་འགྲེལ་བ་བཤད་སྦྱར་སོགས་ཀྱིས་བྱེ་སྨྲའི་ལུགས་ལ་འདུས་མ་བྱས་བཞི་རུ་གསུངས་པ་དེ་ཇི་ལྟར་ཡིན་སྙམ་ན།   དེ་ནི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ཀྱི་འགྲེལ་པ་ལས་གསུངས་པ་ལྟར་ཡུལ་དབུས་ཀྱི་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པ་ལས་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་མ་ཡིན་ལ། མཛོད་རྩ་འགྲེལ་སོགས་ཀྱིས་གསུངས་པ་ནི་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་བཞེད་པ་ཡིན་པས་ན། བྱེ་བྲག་ཏུ་སྨྲ་བའི་ནང་གསེས་ཀྱི་སྡེ་པ་ཐ་དད་པའི་བཞེད་ཚུལ་ཐ་དད་པའི་དབང་དུ་གསུངས་པས་འགལ་བ་མེད། དེ་ཡང་མཛོད་རྩ་འགྲེལ་གྱི་བཞེད་པ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པ་ནི། ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ་ལས། “བདག་གིས་མངོན་པའི་ཆོས་འདི་ཕལ་ཆེར་ནི། །ཁ་ཆེ་བྱེ་བྲག་སྨྲ་བའི་ཚུལ་གྲུབ་བཤད། །ཉེས་པར་ཟིན་གང་དེ་འདིར་བདག་གིས་ཉེས། །དམ་ཆོས་ཚུལ་ལ་ཚད་མ་ཐུབ་རྣམས་ཡིན། །”ཞེས་གསུངས་པས་གྲུབ་བོ། །འོ་ན་མཛོད་རྩ་འགྲེལ་རྣམས་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ཡིན་པ་དང་ཁ་ཆེ་བྱེ་བྲག་ཏུ་སྨྲ་བའི་ལུགས་ལ་འདུས་མ་བྱས་འགོག་པ་གཉིས་དང་ནམ་མཁའ་སྟེ་གསུམ་དུ་ངེས་པ་ཡིན་ན། མཛོད་གནས་བརྒྱད་པའི་སྐབས་སུ། “མཚན་མེད་ཞི་བའི་རྣམ་པ་དང་། །སྟོང་ཉིད་བདག་མེད་སྟོང་ཉིད་དུ། །འཇུག་པའོ་སྨོན་པ་མེད་པ་ནི། །དེ་ལས་གཞན་བདེན་རྣམ་པ་དང་། །”ཞེས་རྩ་བ་དང་། དེའི་འགྲེལ་བྱེད་ཐམས་ཅད་ལས། སྡུག་བསྔལ་བདེན་པའི་རྣམ་པ་མི་རྟག་པ་དང་སྡུག་བསྔལ་བ་གཉིས། ཀུན་འབྱུང་བདེན་པའི་རྣམ་པ་བཞི་དང་། ལམ་བདེན་གྱི་རྣམ་པ་བཞི་སྟེ་བཅུ་པོ་དེ་འདུས་བྱས་ཡིན་པས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ཡུལ་དུ་གསུངས་པས། སྡུག་བསྔལ་བདེན་པའི་རྣམ་པ་སྟོང་བདག་མེད་གཉིས་ཀྱང་འདུས་བྱས་སུ་འདོད་ན། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ཡུལ་དུ་གསུང་དགོས་ཀྱང་དེ་ལྟར་མ་གསུངས་པར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་དུ་གསུངས་པ་དང་མི་འགལ་ལམ་སྙམ་ན། མི་འགལ་ཏེ། ཀུན་འབྱུང་གི་རྣམ་པ་བཞི་དང་ལམ་བདེན་གྱི་བཞི། སྡུག་བདེན་གྱི་རྣམ་པ་མི་རྟག་པ་དང་སྡུག་བསྔལ་བ་སྟེ་བཅུ་པོ་དེ་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ཡུལ་དུ་གསུངས་པ་ནི། དེ་རྣམས་འདུས་བྱས་ཡིན་པའི་རྒྱུ་མཚན་ཙམ་གྱིས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་ཡུལ་དུ་བཞག་པ་མ་ཡིན་ལ། སྟོང་བདག་མེད་གཉིས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་དུ་གསུངས་པ་ཡང་དེ་གཉིས་འདུས་བྱས་མ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཞག་པ་མ་ཡིན། འོ་ན་ཇི་ལྟར་ཡིན་སྙམ་ན། བདེན་བཞིའི་རྣམ་པ་བཅུ་དྲུག་ལས། འགོག་པའི་རྣམ་པ་བཞི་ནི་འགོག་བདེན་གྱི་ངོ་བོ་ཡིན་པས་འདུས་མ་བྱས་ཡིན་ལ། དེ་ལས་གཞན་སྡུག་བདེན་དང་ཀུན་འབྱུང་། ལམ་བདེན་གྱི་རྣམ་པ་བཞི་གསུམ་བཅུ་གཉིས་པོ་ཐམས་ཅད་འདུས་བྱས་ཡིན་པ་ལ་ཁྱད་པར་མེད་ཀྱང་། སྟོང་བདག་མེད་གཉིས་ནི་རང་གི་ངོ་བོ་དགག་བྱ་བཀག་པའི་སྒོ་ནས་བཞག་པ་དང་དེ་བཞིན་དུ་སྒྲ་རྟོག་གིས་ཡུལ་དུ་བྱེད་པའི་ཚེ་ན་དགག་བྱ་དངོས་སུ་བཅད་པའི་སྒོ་ནས་ཡུལ་དུ་བྱ་དགོས་པས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཡུལ་དུ་གསུངས་པ་ཡིན་ཞེས་སྨྲ་བས་ན་དོགས་པ་རྣམས་ལྷག་མེད་དུ་བསལ་ལོ། །

སྐྱེས་སྟོབས་རྣམ་དཔྱོད་ཤེས་རབ་ཀྱིས་དབེན་གཞུང་ལུགས་དཔྱོད་པའི་སྤོབས་པ་བྲལ། །

སྦྱངས་སྟོབས་མང་ཐོས་ཡོན་ཏན་གྱིས་དབུལ་དཀའ་གནད་དགྲོལ་བའི་གཏམ་མེད་ཀྱང་། །

འོན་ཀྱང་གང་ཚེ་ཅི་ཙམ་སྦྱངས་པའི་བློ་རུ་ཤར་བའི་རྣམ་རྟོག་རིས། །

རང་གིས་རང་ལ་དྲན་གསོའི་ཕྱིར་དུ་ཅུང་ཙམ་བྲིས་འདིས་དགེ་གྱུར་ཅིག །

ལུང་གི་མཆན།

(༡) ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པ།(མཛོད་རྩ་བ།) སློབ་དཔོན་དབྱིག་གཉེན།

(༢) ཆོས་མངོན་པའི་མཛོད་ཀྱི་བཤད་པ།(མཛོད་རང་འགྲེལ།) སློབ་དཔོན་དབྱིག་གཉེན།

(༣) ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད།(འགྲེལ་བ་རྒྱལ་སྲས་མ།) སློབ་དཔོན་རྒྱལ་པོའི་སྲས་གྲགས་པ་བཤེས་གཉེན།

(༤) ཆོས་མངོན་པའི་མཛོད་ཀྱི་འགྲེལ་བཤད་མཚན་ཉིད་ཀྱི་རྗེས་སུ་འབྲང་བ།(འགྲེལ་བ་གང་སྤེལ་མ།) སློབ་དཔོན་གང་བ་སྤེལ་བ།

(༥) ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་གནད་ཀྱི་སྒྲོན་མ། སློབ་དཔོན་ཕྱོགས་ཀྱི་གླང་པོ།

(༦) ཆོས་མངོན་པའི་མཛོད་ཀྱི་ཚིག་ལེའུར་བྱས་པའི་འགྲེལ་པ་མངོན་པའི་རྒྱན།(མཆིམས་མཛོད།) མཆིམས་འཇམ་དཔལ་དབྱངས།

(༧) དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ།(དབུ་མ་སྙིང་པོ།) སློབ་དཔོན་ལེགས་ལྡན་འབྱེད།

(༨) དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ།(རྟོག་གེ་འབར་བ།) སློབ་དཔོན་ལེགས་ལྡན་འབྱེད།

(༩) ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ཞེས་བྱ་བའི་བཤད་སྦྱར། སློབ་དཔོན་བྱང་ཆུབ་བཟང་པོ།

(༡༠) དམ་པའི་ཆོས་མངོན་པའི་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད།(མཛོད་འགྲེལ་ཐར་ལམ་གསལ་བྱེད།) རྒྱལ་བ་དགེ་འདུན་གྲུབ།

Related Articles