མདོ་སྔགས་འཆད་ཚུལ་སྐོར་ཅུང་ཙམ་གླེང་བ།

ནགས་ཤོད་སྐལ་རྒྱན།
གཞུང་བརྒྱ་སྨྲ་བའི་ལྩེ་རྩེ་རྣོ་བརྟུལ་ནས། །
གསང་རྒྱ་གཏོར་བའི་ཀླད་རྒྱ་ཆེ་ཆུང་བར། །
རྒོལ་བ་སུས་ཀྱང་འགྲན་པ་མི་བཟོད་པའི། །
ཐུབ་ཆེན་མི་ཡི་སེང་གེ་སྐྱབས་སུ་བསྟེན། །

དངོས་སྟོབས་རིགས་པ་ཉི་ཟླའི་འོད་རབ་ཀྱི། །
ཟེར་ཕྲེང་ཟླུམ་གཟུགས་གོ་ལར་ལྷུང་བ་ནས། །
དཔྱོད་ལྡན་མཁས་ཀུན་འཇུག་པའི་འགྲམ་ངོགས་ཀྱི། །
སྒྲ་རིག་ལེགས་བཤད་སྣང་བས་ཤིས་པ་སྒྲུབས། །
དེ་ཡང་ཇི་སྐད་དུ། ཚིག་གི་ཐོག་མཐའ་ནམ་མཁའི་མཐོངས་ལྟར་ཡངས། ཞེས་པ་ལྟར་མཁས་པ་རྣམས་གཞུང་ལུགས་འགྲེལ་ཚུལ་ནི་ལུགས་བརྒྱ་ལྡན་དུ་འདོད་པ་དང་། འཆད་པའི་ཐོག་མར་སྒྲ་དང་མི་འགལ་བའི་ཚིག་རྣམ་པར་དབྱེ་སྟེ་བཤད་པ་དང་། །དེ་ཡང་འཇིག་རྟེན་ལ་གྲགས་པ་དང་། བསྟན་བཅོས་ལ་གྲགས་པ། ཐུན་མོང་མ་ཡིན་པ་ལ་གྲགས་པའི་སྒྲ་གསུམ་སྟེ། འཇིག་རྟེན་ཐུན་མོང་ལ་གྲགས་པའི་སྒྲ་ལ་འདོད་རྒྱལ་དང་རྗེས་གྲུབ་བོ། །

བསྟན་བཅོས་ལ་གྲགས་པའི་སྒྲ་ནི་སྒྲ་པ་རྣམས་ལ་གྲགས་པ་རྣམ་དབྱེ་དང་བྱེད་པའི་ཚིག་ལ་སོགས་པས་བསྒྲུབས་པ་མཁས་པ་རྣམས་ཀྱིས་གོ་བའི་བརྡའོ། །ཐུན་མོང་མ་ཡིན་པ་ལ་གྲགས་པའི་སྒྲ་ནི་སྒྲ་འཇུག་པའི་རྒྱུ་མཚན་བཤད་དཀའ་ཞིང་། འཕགས་པའི་གང་ཟག་ལ་དགོས་པ་ཤིན་ཏུ་ཆེ་བ། མདོ་སྡེ་དག་ལས་ཅུང་ཟད་ལས་མ་བཤད་མོད། རྒྱུད་སྡེ་རྣམས་ལས་མང་དུ་བཤད་པ། དེ་བཞིན་གཤེགས་པའི་བརྡ་ཞེས་གྲགས་པའོ། །དེ་ལྟ་བུའི་སྒྲའི་རྣམ་དབྱེ་ལེགས་པར་ཁོང་དུ་ཆུད་ནས་གཞུང་འཆད་པའི་ཐོག་མར་གཞུང་གི་མཚམས་སོ་སོར་བཅད་པ་དང་། གཞུང་དེས་རང་གི་རྩ་བ་ཇི་ལྟར་བཤད་པ་རྣམས་བསྟན་པས་དཀྱུས་ས་བསྟན་པའི་རྟ་བཞིན་དུ་འཆད་པ་དང་ཉན་པ་རྣམས་ཀྱི་བློ་མི་འཁྲུག་ཅིང་དོན་ཚན་རྣམས་སོ་སོར་ཕྱེད་པར་འགྱུར་བའི་ཕྱིར་གཞུང་གི་ཆིངས་དང་ས་བཅད་ཀྱི་སྒོ་ནས་ལེགས་པར་འཆད་པ་དང་། གཞུང་ལས་ཁྱད་པར་གྱི་གཞི་བསྡུས་ལ་ངག་དོན་བླང་། ཁྱད་པར་གྱི་ཆོས་བཤད་དེ་ཚིག་རྣམ་པར་དབྱེ་བར་བྱའོ། །

དེ་ལྟ་བུའི་འཆད་ལུགས་ལེགས་པར་ཤེས་ན་ལེགས་པར་སྦྱར་བའི་སྒྲ་དང་མཐུན་པ་མ་ཟད་མཁས་པ་རྣམས་དགའ་བ་དང་མགུ་བ་བསྐྱེད་པ། ཚིག་དོན་ལྷག་ཆད་མེད་པ་ཤེས་པར་འགྱུར་བ་སྟེ། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླང་། སྦལ་པའི་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་སྒྲའི་བསྟན་བཅོས་ལས་ཇི་སྐད་གསུངས་པ་ལྟར་གཞུང་ལུགས་རྒྱ་ཆེ་ཞིང་དཀའ་བ་རྣམས་བཤད་པར་བྱའོ། །དམ་པ་རྣམས་ཀྱིས་གཞུང་ལུགས་འཆད་སྐབས་མདོ་དོན་བཤད་ཐབས་ཡན་ལག་ལྔ་དང་། རྒྱུད་དོན་རྒྱན་བདུན་གྱི་སྒོ་ནས་འཆད་དགོས་པ་གསུངས་ཏེ། རྗེ་བཙུན་བྱམས་མགོན་གྱིས་མདོ་དོན་བདེ་བླག་ཏུ་རྟོགས་པའི་མན་ངག །དགོས་དོན་དང་། བསྡུས་དོན་དང་། ཚིག་དོན། མཚམས་སྦྱོར། བརྒལ་ལན་བཅས་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་བསྟན་བཅོས་མངོན་རྟོགས་རྒྱན་གྱིས་མདོ་འཆད་པར་བྱེད་དོ། །མདོ་དོན་འཆད་པར་བྱེད་པ་ལ་དེ་ལྟ་བུའི་བཤད་ཐབས་ཡན་ལག་ལྔ་ཅི་དགོས་ཤེ་ན། རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་ནི་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །དེ་འགྲུབ་དེ་ནི་བསྡུས་དོན་ལས། །བསྡུས་པའི་དོན་ནི་ཚིག་དོན་ལས། །གོ་རིམ་རིམ་པ་སྔ་ཕྱི་དག །མི་འགལ་བ་ནི་གཉིས་ལས་སོ། །ཞེས་པ་ལྟར་མདོ་དོན་གྱི་ཆེ་བ་ཐོས་ནས་ཉན་པ་དང་འཛིན་པ་ལ་གུས་པ་བསྐྱེད་པའི་ཆེད་དུ་ཐོག་མར་དགོས་དོན་གྱི་སྒོ་ནས་འཆད་པ་དང་། མདོ་དོན་བདེ་བླག་ཏུ་རྟོགས་པའི་དགོས་དོན་དེ་ཡང་བསྡུས་དོན་ལུས་རྣམ་གཞག་ལ་རག་ལས་པས་བསྡུས་དོན་གྱི་སྒོ་ནས་འཆད། བསྡུས་དོན་དེ་ཡང་ཚིག་དོན་ཡན་ལག་རྒྱས་བཤད་ལ་རག་ལས་པས་ཚིག་དོན་གྱི་སྒོ་ནས་འཆད། ཚིག་དོན་གྱི་གོ་རིམ་རྣམས་འབྲེལ་བ་ནི་མཚམས་སྦྱོར་ལ་རག་ལས་པས་མཚམས་སྦྱོར་གྱི་སྒོ་ནས་འཆད། རིགས་པ་སྔ་ཕྱི་མི་འགལ་བ་ནི་བརྒལ་ལན་ལ་རག་ལས་པས། བརྒལ་ལན་གྱི་སྒོ་ནས་ཏེ། མདོ་དོན་བདེ་བླག་ཏུ་རྟོགས་པར་བཤད་ཐབས་ཡན་ལག་ལྔའི་སྒོ་ནས་འཆད་པ་ནི་བྱམས་པའི་མན་ངག་བླ་ན་མེད་པའོ། །

རྒྱུད་དོན་རྟོགས་པའི་མན་ངག་རྒྱན་བདུན་ནི། རྒྱ་རིམ་པ་བདུན་གྱིས་བཏབ་ནས་བཞག་པའི་གསང་བའི་རྒྱ་བཀྲོལ་བའི་མན་ངག་གི་རིམ་པ་ཡིན་ལ། དེ་ལ་གང་བཤད་པར་བྱ་བའི་གཞི་གླེང་བསླང་བའི་རྒྱན། བཤད་དོན་ལམ་གྱི་རིམ་པ་བསྒྲིགས་པ་འཚང་རྒྱ་ཚུལ་གྱི་རྒྱན། གཞུང་གི་ཚིག་དང་དོན་སོ་སོའི་འཆད་ཚུལ་མཐའ་དྲུག་གི་རྒྱན། གཞུང་གཅིག་གི་དོན་རྫོགས་པར་འཆད་པ་ཚུལ་བཞིའི་རྒྱན། དོན་གང་སློབ་མ་གང་ལ་འཆད་པ་འཆད་ཚུལ་གྱི་རྒྱན། རྒྱུད་ལ་འཇུག་པ་གང་ཟག་ཉན་པ་པོའི་རྒྱན། དགོས་པ་བདེན་གཉིས་ངེས་པའི་རྒྱན་བཅས་རྒྱལ་བ་རྡོ་རྗེ་འཆང་གིས་རྩ་རྒྱུད་དང་བཤད་རྒྱུད་དུ་གསུངས་པའི་མན་ངག་རྣམས་མགོན་པོ་ཀླུ་སྒྲུབ་ཀྱིས་ལུང་རིགས་ལམ་ནས་ལེགས་པར་ཤན་སྦྱར་བའི་མན་ངག་ཟབ་མོ་འདི་དག་ལ་བརྟེན་ནས་རྒྱུད་དོན་ལེགས་པར་རྟོགས་དགོས་པར་གསུངས་སོ། །རྒྱུད་འཆད་ཉན་ཙམ་དུ་མ་ཟད་འཆད་པའི་མན་ངག་གི་རིམ་པ་འདི་དག་འཆད་ཉན་སྐབས་ཐམས་ཅད་དུ་སྦྱར་ཤེས་ན་མན་ངག་གི་གནད་དུ་མ་ཡོད་དེ། དང་པོ་གླེང་གཞིའི་རྒྱན་ལ་མཚོན་ན། རྒྱུད་འདིའི་མིང་གང་ཡིན་པ་དང་། གང་ཟག་གང་གི་དོན་མཛད་པ། མཛད་པ་པོ་སུ་ཡིན། རྒྱུད་འདིའི་ཚད་གང་ཡིན། འདི་ཡི་དགོས་པ་ཅི་ཞིག་ཡིན། ཞེས་དོན་ཚན་ལྔ་ལ་དྲི་ལན་གྱི་སྒོ་ནས་བརྡར་ཤ་བཅད་པ་བཞིན་འཆད་ཉན་བྱེད་སྐབས་ཐོག་མར་གླེང་གཞིའི་ཚུལ་དུ་བསྟན་བཅོས་དེའི་མིང་དང་། གང་ཟག་གང་གི་དོན་དུ་མཛད་པ། རྩོམ་པ་པོ་གང་གིས་མཛད་པ། བསྟན་བཅོས་དེའི་ཚིག་དོན་གྱི་ཚད་གང་ཡིན། དགོས་པ་ཅི་ཞིག་ཡིན་མིན་སོགས་བརྡར་ཤ་བཅད་ནས་འཆད་དགོས་པ་མཚོན་ཡོད།
གཉིས་པ་འཚང་རྒྱ་ཚུལ་གྱི་རྒྱན་ལ། རྒྱུད་དང་གླེང་གཞི་ངེས་ཚིག་རྒྱུ་བཅས་བཞི་གསུངས་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྣམ་ཐར་གྱི་སྡོམ་ལྟ་བུ་སྟེ། དང་པོར་མི་ཁོམ་བརྒྱད་སྤངས་པའི་འཛམ་བུ་གླིང་པའི་མིར་སྐྱེ་བ་འཁྲུངས་པ་ནི་རྒྱུད་དང་། དེ་ནས་རབ་ཏུ་བྱུང་བ་ནི་གླེང་གཞི། རབ་ཏུ་བྱུང་ནས་འདུལ་བ་བཞིན་སྡོམ་པ་ངེས་པར་བསྲུང་དགོས་པ་ནི་ངེས་ཚིག །དེ་ནས་འབྲས་བུ་བྱང་ཆུབ་འདོད་པས་དཀའ་བའི་ཆོས་སྤྱོད་པ་བསམ་གཏན་བཞི་པའི་རབ་མཐའི་ཏིང་ངེ་འཛིན་ཁྱད་པར་ཅན་རྙེས་པ་ནི་ཉེ་རྒྱུ། ཞེས་གསུངས་པ་ནི་ཆགས་བྲལ་ལམ་གྱི་འཚང་རྒྱ་ཚུལ་དང་ཆགས་བཅས་ལམ་གྱིས་འཚང་རྒྱ་ཚུལ་དཔེ་འདིས་འཚོན་པའོ། །
གསུམ་པ་གཞུང་གི་ཚིག་དང་དོན་སོ་སོའི་འཆད་ཚུལ་མཐའ་དྲུག་གི་རྒྱན་ལ། དྲང་དོན་ངེས་དོན་གཉིས། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་ཡིན་མིན་གཉིས་བཅས་དྲུག་ནི་མཐའ་དྲུག་གོ །
བཞི་པ་གཞུང་གཅིག་གི་དོན་རྫོགས་པར་འཆད་པ་ཚུལ་བཞིའི་རྒྱན་ལ། ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་པའི་དོན་ཏེ་བཞིའོ། །གཞུང་དོན་ཇི་ལྟར་འགྲེལ་བ་མཐའ་དྲུག་ཚུལ་བཞིའི་རྒྱན་གཉིས་ཇི་བཞིན་མ་ཤེས་ན་རྒྱུད་དོན་ཇི་བཞིན་འཆད་མི་ཐུབ་པ་ནི་འདུས་པའི་རྒྱུད་ལྟ་བུ་ལ་འཐའ་དྲུག་ཚུལ་བཞིའི་འཆིང་བས་བཅིངས་པ་སྟེ་རྒྱས་བཏབ་པས་ཤིན་ཏུ་རྟོགས་དཀའ་བའི་གནས་ཀྱིས་སོ། །འགྲེལ་ཚུལ་འདི་དག་ཡེ་ནས་མི་ཤེས་པར་རྒྱུད་དོན་དྲང་ཐད་སྒྲས་ཟིན་ཙམ་ལ་འགྲེལ་ན་སྙིང་པོ་མེད་པ་མ་ཟད་རྟོག་གེ་འགས་སངས་རྒྱས་ལ་འགལ་འདུ་སྒྲིག་ཁུལ་གྱི་རྒྱུད་ཚིག་ཐར་ཐོར་སྐྱོར་བ་ནི་རང་གི་དེ་ཉིད་སྟོན་པ་ཙམ་མོ། །མཐའ་དྲུག་མི་ཤེས་ན་མདོ་རྒྱུད་གང་བཤད་ཀྱང་ནོར་བར་འགྱུར་ཏེ། སློབ་དཔོན་ཟླ་བ་གྲགས་པས། མཐའ་དྲུག་བྲལ་བས་ངེས་པར་རྟོགས་ཞེས་གང་སྨྲ་བ། །ཟླ་བ་ལྟ་འདོད་སོར་མོའི་རྩེ་ལ་ལྟ་དང་མཚུངས། །ཞེས་གསུངས་སོ། །རྡོ་རྗེའི་ཚིག་ལྟ་ཞོག་མདོ་ཕྱོགས་ལའང་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་ཤིང་རྟའི་སྲོལ་ཕྱེ་བའི་རིགས་པའི་ལམ་ལ་མ་བསྟེན་པར་སྒྲས་ཟིན་ཙམ་དྲང་ཐད་ལ་འགྲེལ་ན་གཞུང་དོན་ཇི་བཞིན་རྟོགས་མི་ཐུབ་པས། མདོ་རྒྱུད་འཆད་ཉན་སྐབས་ཐམས་ཅད་དུ་བཤད་ཐབས་ཡན་ལག་ལྔའི་མན་ངག་དང་། མཐའ་དྲུག་ཚུལ་བཞིའི་རྒྱན་ལེགས་པར་མ་སྦྱངས་པར་མདོ་སྔགས་ཀྱི་གཞུང་ལུགས་ལ་འཆད་ཉན་དང་དགག་སྒྲུབ་བྱེད་ཁུལ་ནི་ཕོ་སྒྲོབ་ཧམ་པའི་ཁྲམ་གཏམ་ཙམ་ལས་ས་ཆོད་ཅི་ཡང་མི་འོང་ངོ་། །

ལྔ་པ་དོན་གང་སློབ་མ་གང་ལ་འཆད་པ་འཆད་ཚུལ་གྱི་རྒྱན་ལ་གཉིས། ཚོགས་པ་དང་སློབ་མ་ལ་བཤད་པའོ། །བཤད་པ་གཉིས་པོ་དེ་གང་ཡིན་སྙམ་ན། མཐའ་དྲུག་གི་ནང་ནས་སྒྲ་ཇི་བཞིན་པ་དང་། དགོངས་པ་མིན་པ་དང་། དེར་མ་ཟད་དྲང་དོན་དུ་གྱུར་པ་གང་ཡིན་པ་སྟེ་གསུམ་དང་། ཚུལ་བཞིའི་ནང་ནས་ཡིག་སྤྱི་གཉིས་བཅས་ཚོགས་པ་ལ་བཤད་པར་བྱ་བ་ཡིན་པར་བརྗོད་དོ། །མཐའ་དྲུག་གི་ནང་ནས་སྒྲ་ཇི་བཞིན་མིན་པ་དང་། ངེས་པའི་དོན་དང་། དེ་བཞིན་དགོངས་ཏེ་བཤད་པ་གསུམ་དང་། ཚུལ་བཞིའི་ནང་ནས་སྦས་དོན་དང་། མཐར་ཐུག་པའི་དོན་རྣམས་ནི་སློབ་མ་ལ་བཤད་པར་བྱ་བ་ཡིན་པར་བརྗོད་དོ། །རྒྱན་འདི་ལས་དོན་གང་ཞིག་གང་ཟག་སུ་ལ་བཤད་དགོས་དང་མི་དགོས་ཀྱི་རྣམ་དབྱེ་ལེགས་པར་ཕྱེ་ནས་འཆད་དགོས་པར་གསུངས་སོ། །

དྲུག་པ་རྒྱུད་ལ་འཇུག་པ་གང་ཟག་ཉན་པ་པོའི་རྒྱན་ལ་ལྔ་ཨུཏྤལ་དང་། པད་དཀར་དང་། པདྨ་དང་། ཙནྡན་དང་། རིན་པོ་ཆེ་ལྟ་བུའི་གང་ཟག་གོ །རྒྱན་འདི་ལས་ནི་དབང་པོའི་རིམ་པ་དང་། སྣོད་ཀྱི་ཁྱད་པར། བཤད་པ་གཉིས་ཀྱི་སྣོད་དུ་འགྱུར་ཚུལ། སྣོད་བརྟགས་ནས་བཤད་དགོས་པར་བསྟན་ཏོ། །
བདུན་པ་དགོས་པ་བདེན་གཉིས་ངེས་པའི་རྒྱན་ལ་གཉིས། ཀུན་རྫོབ་བདེན་པ་སྒྱུ་མའི་སྐུ་དང་། དོན་དམ་པའི་བདེན་པ་དང་རོ་གཅིག་ཏུ་ཞུགས་པའི་འོད་གསལ་གྱི་ཡེ་ཤེས་ཀྱི་བདེན་གཉིས་རྣམ་པར་ངེས་པར་བྱས་པའི་གོ་བ་སྐྱེས་པ་དེ་རྒྱན་དུ་གྱུར་པ་བདུན་པ་དགོས་པ་བདེན་གཉིས་ངེས་པའི་རྒྱན་ནོ། །རྒྱན་འདི་ལས་ནི་དགོས་པ་གཙོ་བོ་ལ་གོ་བ་ཆགས་ཚུལ་གསུངས་སོ། །དེ་ལྟར་རྒྱ་རིམ་པ་བདུན་གྱིས་བཏབ་པའི་གསང་བའི་གནད་རྣམས་རྒྱན་བདུན་གྱི་སྒོ་ནས་ལེགས་པར་བཀྲོལ་བའི་ཚུལ་ཞིབ་པར་བླ་མའི་ཞལ་ལས་ཤེས་དགོས་པར་གསུངས་སོ། །སྔགས་ཀྱི་རྒྱུད་ལ་རྒྱ་རིམ་པ་བདུན་གྱིས་བཏབ་པ་བཞིན་ཤེར་མདོ་ལའང་རྒྱ་རིམ་པ་བདུན་གྱིས་བཏབ་ཚུལ་རྟག་ངུའི་རྟོགས་བརྗོད་དུ་གསལ་བར་གསུངས་སོ། །དེའི་དོན་འགྲེལ་སྐབས་རྒྱན་སྣང་དུ་སྐེ་རག་བདུན་གྱིས་དམ་པོར་བཅིངས་ནས་མདུད་པའི་གནས་བདུན་ལ་རང་གི་མིང་གི་རྒྱ་བདུན་གྱིས་བཏབ་ནས་བཞག་པ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ་ཞེས་འབྱུང་ངོ། །དེ་ལྟར་ན་མདུད་པའི་མཚམས་ལ་རྒྱ་འདེབ་མཁན་གྱི་མིང་བཀོད་པ་གསུངས་པ་ཡིན་པས་དེང་དུས་མཚན་རྟགས་བཀོད་པ་བཞིན་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་མིང་བཀོད་ནས་མདུད་པ་གཤིག་མི་ཆོག་པ་མཛད་པ་ནི་རྒྱས་བཏབ་པའི་དོན་ཡིན་ནམ། ཡང་ན་སྐེ་རག་གི་གནས་རེའི་མིང་གིས་རྒྱས་བཏབ་པ་སྟེ། རྣམ་སྲས་གཡང་སྒྲུབ་ཏུ། ད་ནི་གཡང་གི་རྒྱ་ཞིག་བསྡམས། །ཕྱྭ་གཡང་མི་འགྱུར་བརྟན་པར་ཤོག །དང་པོ་ཆོས་ཀྱི་དབྱིངས་ཀྱི་རྒྱ། །གཉིས་པ་ཐབས་དང་ཤེས་རབ་རྒྱ། །གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ། །བཞི་པ་ཡེ་ཤེས་བཞི་ཡི་རྒྱ། །ལྔ་པ་སངས་རྒྱས་རིགས་ལྔའི་རྒྱ། །དྲུག་པ་བདུད་རྩི་འཆིལ་བའི་རྒྱ། །བདུན་པ་རྣལ་འབྱོར་བདག་གི་རྒྱ། །རྒྱ་ལས་ནམ་ཡང་གཡོ་མེད་ཤོག །ཅེས་གསུངས་པ་བཞིན་སྐེ་རག་གི་གནས་བདུན་ལ་དེ་ལྟ་བུའི་མིང་སོ་སོའི་སྒོ་ནས་རྒྱས་བཏབ་པ་ཡིན་ཡང་སྲིད། བསྟན་དར་ལྷ་རམས་པས། རྒྱ་རིམ་པ་བདུན་གྱིས་རྒྱས་བཏབ་ཅེས་པ་ནི། ཡིག་འབྲུ་མི་འཁྲུགས་པ་ཚེག་གི་རྒྱ། ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ། ཚིག་དོན་མི་འཁྲུགས་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ། །བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ། མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་འཁྱེར་གྱི་རྒྱ་དང་བདུན་ནོ། །ཞེས་གསུངས་པ་ནི་རྒྱན་སྣང་དུ་གསུངས་པའི་རྒྱ་བདུན་གྱི་དོན་མེད་དེ་བམ་པོ་དང་བམ་གྲངས་ནི་བོད་ཀྱི་ལོ་ཙཱ་བས་བཀོད་པས་སོ། །
དེ་ལྟར་མདོ་སྔགས་གཉིས་རྒྱ་བདུན་གྱིས་བཏབ་པ་འདྲ་ན་ཡང་བཏབ་ཚུལ་མི་གཅིག་པ་ནི་གོང་དུ་བཀོད་པ་བཞིན་ཤེར་མདོའི་གླེགས་བམ་སྐེ་རག་གིས་རིམ་པ་བདུན་དམ་པོར་བཅིངས་པ་ནི་མདོ་ཕྱོགས་ཀྱི་རྒྱས་བཏབ་ཚུལ་དང་། རྩ་རྒྱུད་ཀྱི་དགོངས་པའི་དོན་མཐའ་དྲུག་ཚུལ་བཞི་སོགས་ཀྱིས་རྒྱས་བཏབ་པ་རྒྱན་བདུན་གྱིས་བཀྲོལ་དགོས་པ་ནི་སྔགས་ཀྱི་རྒྱ་བདུན་ནོ། །གོང་དུ་བསྟན་དར་ལྷ་རམས་པས་གསུངས་པའི་རྒྱ་བདུན་ནི་བོད་ཀྱི་མཁས་པ་ཚོས་གླེགས་བམ་ཐོག་མར་བཞེངས་སྐབས་གཏན་འབེབས་བྱས་པ་ལྟ་བུ་ཡིན་ནམ་སྙམ། ཆོས་འཕགས་ཀྱིས་ཤེར་མདོར་རྒྱས་བཏབ་ཚུལ་དང་མི་འདྲའོ། །དེ་ལྟ་བུའི་བོད་ཀྱི་རིག་གཞུང་ནང་གསང་བའི་གནད་མང་པོ་ཞིག་འཚངས་ཡོད་པ་སྟེ། འཆད་རྩོད་རྩོམ་གསུམ། ཐོས་གསམ་སྒོམ་གསུམ། ལྟ་སྒོམ་སྤྱོད་གསུམ་སོགས་མདོ་སྔགས་ཀྱི་མན་ངག་ཐམས་ཅད་གཏེར་ལྟར་དུ་སྦས་ཡོད་པས་ང་ཚོའི་རིག་གཞུང་ནི་འཛམ་གླིང་ཐོག་གལ་ཆེའི་གསང་མཛོད་གཅིག་པུ་དེ་ཡིན་ལབ་ན་མ་འགྲིགས་པ་ག་ལ་ཡོད། གསང་སྒོ་འདི་འབྱེད་བྱེད་ཀྱི་ལྡེའུ་མིག་ལྟ་བུ་ནི་བོད་ཀྱི་སྐད་ཡིག་ཏུ་ཡོད་པའི་དམ་པའི་མན་ངག་རྣམས་ཡིན་པས་བོད་ཀྱི་སྐད་ཡིག་ནི་རིན་ཐང་ཅི་བས་ཆེ་བ་མཁས་པ་ཚོས་ཡང་ཡང་གླེང་བཞིན་ཡོད། ང་ཚོའི་སྐད་ཡིག་གི་གསེང་དབར་ནས་འཕྲོས་པའི་བྱམས་བརྩེའི་གཟི་འོད་དང་ཞི་བདེའི་དྲོད་ཁུལ་ནི་ཀུན་གྱི་ཁྱིམ་གཞིས་སུ་འཁྱིལ་བཞིན་ཡོད་ལ་མན་ངག་གི་གཞིས་ཁྱིམ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་ནི་ཡུལ་དུས་ཀྱི་དགོས་དབང་དང་དངོས་སུ་འབྲེལ་ཡོད། བོད་ཀྱི་སྐད་ཡིག་ཏུ་ཡོད་པའི་མན་ངག་གི་འགོ་ཁུངས་ནི་དམ་པའི་ཆོས་དང་སངས་རྒྱས་ཀྱི་གསུངས་ལ་ལེགས་པར་འབྲེལ་ལོ། །

མེས་པོ་དམ་པའི་ཞལ་ལུང་སྐད་ཡིག་གཉིས། །
གངས་ཅན་བོད་ཀྱི་བླ་སྲོག་ཡིན་ནོ་ཞེས། །
ཡང་ཡང་སྨྲ་བཞིན་ཁུར་ཆེན་མི་འཛིན་ན། །
མཁས་བླུན་ངོ་སོ་མཐོ་དམན་ཁྱད་པར་ཅི། །

རིགས་ཞེན་དཀར་པོས་ལམ་འདི་ནོར་མེད་ཅེས། །
གཏན་ཚིག་རིགས་པས་དགག་སྒྲུབ་མི་དགོས་པར། །
ཡ་ཐོད་དཔྲལ་བར་ཐིག་ལེའི་མཚན་མ་ཅན། །
གངས་ཅན་བོད་པ་ཡོངས་ཀྱི་ལས་སྐལ་ཡིན། །
༢༠༡༩/༡༡/༢༣ ཉིན།

Related Articles