གཅིག ཞེན་གཞི་ངོ་འཛིན་ལ་དཔྱད་པ།

ནོར་བུ་དོན་གྲུབ།

སྟོན་མཆོག་རྒྱལ་བ་རྣམས་དང་དེ་སྲས་ཀྱིས།།
རྣམ་གྲོལ་དོན་གཉེར་ཅན་ལ་ཟབ་རྒྱས་ཆོས།།
གསུངས་པའི་དོན་རྣམས་ཇི་བཞིན་སྟོན་མཛད་པའི།།
དངོས་བརྒྱུད་བླ་མ་རྣམས་ལ་གུས་པས་འདུད།།

མ་རྟོགས་ལོག་རྟོག་ཐེ་ཚོམ་གཞན་དབང་ཅན།།
བདག་ནི་གཞུང་དོན་འབྱེད་པའི་མཐུ་མེད་ཀྱང།།
ངལ་བ་བྱས་པའི་རྣམ་རྟོག་འཆར་བ་ཙམ།།
ཤོག་དཀར་ཡིག་ནག་རི་མོའི་གཟུགས་འགོད་བྱ།།

གཟུགས་གཟུགས་འཛིན་རྟོག་པའི་ཞེན་གཞི་ནི་གཟུགས་འཛིན་མིག་ཤེས་ལ་གཟུགས་དེ་ཕར་ཆད་པ་ལྟར་སྣང་བ་དེ་ཉིད་ཡིན་ལ། དེ་རྟོག་པ་ལ་འཆར་བའི་སྟོབས་ཀྱིས་རྟོག་པས་འདི་གཟུགས་སོ་སྙམ་དུ་ཞེན་ལ། དེ་འདྲ་བ་དེ་རྟོག་པར་སྣང་བ་ན་གཟུགས་རུང་ལ་གཟུགས་ཞེས་པའི་མིང་བརྡ་ལ་མ་བལྟོས་པར་གཟུགས་མཚན་ཉིད་པ་སྣང་ལ། དེར་སྣང་བ་ལྟར་གྲུབ་མ་གྲུབ་འཚོལ་བ་བཞི་དང་ཡོངས་ཤེས་བཞིའི་སྒོ་ནས་དཔྱད་པ་ན་གཟུགས་རུང་ལ་གཟུགས་ཞེས་པའི་མིང་བརྡ་ལ་མ་བལྟོས་པར་དངོས་དབང་སྟེ་དངོས་པོ་གཟུགས་ཀྱི་དབང་གིས་རྟོག་པའི་ཡུལ་དུ་སོང་བ་མ་ཡིན་པར་ངེས་པས་རྟོག་པ་ཡིད་ཤེས་ལ་བལྟོས་པའི་རྣམ་རིག་ཙམ་ལ་འཇུག་གོ །དེའི་ཚེ་གཟུགས་འཛིན་མིག་ཤེས་ལ་གཟུགས་ཕར་ཆད་པ་ལྟར་སྣང་བ་དེ་ཉིད་གཟུགས་མ་ཡིན་པར་གྲུབ་པས་དབང་ཤེས་འཁྲུལ་ཤེས་སུ་གྲུབ་བོ། །གཟུགས་སོགས་རྟོག་པའི་ཞེན་གཞི་ནི་གོང་དུ་བཤད་པ་ལྟར་འཇོག་དགོས་ཏེ། ལེགས་བཤད་སྙིང་པོ་ལས། སྔོ་འཛིན་ལ་སྔོན་པོ་ཕྱི་རོལ་ཏུ་ཞེན་པའི་ཞེན་གཞི་ཡིན་པ་སྣང་བའི་ཕྱིར་ཏེ། ཞེན་གཞི་ཡིན་པ་དེ་གཉིས་སྣང་ནུབ་པའི་རང་རིག་ལ་སོགས་པ་ལ་འཆར་དུ་མི་རུང་ཞིང། གཉིས་སྣང་ཅན་གྱི་སྔོ་འཛིན་ལ་སྣང་བ་མི་འགལ་བའི་ཕྱིར་རོ། །ཞེས་རྟོག་པའི་ཞེན་གཞི་དབང་ཤེས་ལ་སྣང་བ་ཡོད་ཅིང་རང་རིག་ལ་སྣང་བ་མེད་གསུངས་པས་ཁྱད་པར་འདི་ཉིད་ངེས་པར་འཛིན་དགོས་སོ། །

མ་ཟད་རྟོག་པ་ཡིད་ཤེས་ལ་བལྟོས་ཏེ་རྣམ་རིག་ཙམ་དུ་འཇུག་ན་རྟོག་མེད་དབང་ཤེས་བལྟོས་སྟེ་རྣམ་རིག་ཙམ་དུ་འཇུག་དགོས་གསུངས་པ་དང། གཞི་ལྡོག་རང་མཚན་འོངས་བའི་ལུགས་དང་ག་ལ་མཚུངས་ཞེས་གསུངས་པས། མདོ་སྡེ་པས་གཟུགས་འཛིན་མིག་ཤེས་ལ་གཟུགས་ཕར་ཆད་པ་ལྟར་སྣང་བ་དེ་ཉིད་གཞི་ལྡོག་ཕྱི་དོན་གཟུགས་མཚན་ཉིད་པ་དང་ལུགས་འདིར་དེར་སྣང་ཚུལ་དགག་བྱ་སྣང་ཚུལ་ཁོ་ན་ཡིན་པས་ཁྱད་པར་ཆེའོ། །རྟོག་པས་གཟུགས་རུང་ལ་གཟུགས་སོ་སྙམ་དུ་ཞེན་སའི་གཞི་ནི་གཟུགས་འཛིན་མིག་ཤེས་ལ་གཟུགས་ཕར་ཆད་པ་ལྟར་སྣང་བའི་སྣང་བ་དེ་ཉིད་ཡིན་ལ། དེ་གཟུགས་སོ་མི་སྙམ་ཡང། དེ་རྟོག་པའི་ཡུལ་དུ་སོང་བའི་སྟོབས་ཀྱིས་གཟུགས་རུང་ལ་གཟུགས་སོ་སྙམ་པའི་ཕྱིར། དཔེར་ན་ཕུང་པོ་བློ་ཡུལ་དུ་སོང་བའི་སྟོབས་ལས་གང་ཟག་དེ་དང་དེའོ་སྙམ་པའི་བློ་སྐྱེ་བ་ལྟར་རོ།།

གཉིས། དགག་བྱ་ཁེགས་ཚུལ་ལ་དཔྱད་པ།
དགོངས་པ་རབ་གསལ་ལས། ཆོས་ལ་དམིགས་པའི་སྙིང་རྗེ་ནི། ཞེས་སོགས་དོན་ལ་རྨོངས་འཆར་ཅུང་ཙམ་ཞུ་ན། ཆོས་ལ་དམིགས་པའི་སྙིང་རྗེ་ནི་སེམས་ཅན་སྐད་ཅིག་མ་དང་རང་བཞིན་མེད་པ་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ཙམ་ཞིག་ལ་དམིགས་པ་མིན་གྱི། སྐད་ཅིག་གིས་འཇིག་པའི་སེམས་ཅན་ལ་དམིགས་པ་ཡིན་པས། སྐད་ཅིག་གི་མི་རྟག་པས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའོ། །

ཡང་དགོངས་པ་རབ་གསལ་ལས་སེམས་ཅན་སྐད་ཅིག་གིས་འཇིག་པ་ངེས་པ་ན། རྟག་གཅིག་རང་དབང་ཅན་གྱི་སེམས་ཅན་ཡོད་པ་བློ་ངོ་དེར་ཁེགས་པས། ཕུང་པོ་ལས་ངོ་བོ་ཐ་དད་པའི་སེམས་ཅན་མེད་པ་ངེས་པར་ནུས་སོ། །ཞེས་གསུངས་པ་དང་། སྟོང་ཐུན་སྐལ་བཟང་མིག་འབྱེད་ལས། འོན་ཀྱང་བདག་འཛིན་ལྷན་སྐྱེས་ཀྱིས་བཟུང་བ་ལྟར་གྲུབ་ན་དེ་འདྲ་བའི་རྟག་གཅིག་རང་དབང་ཅན་དུ་གྲུབ་དགོས་པས། དེ་འདྲ་བའི་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་ན་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་ཁེགས་པ་དང༌། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པ་རྣམ་པར་བཅད་ཙམ་དེ་ཉིད་རྟོགས་བྱ་གང་ཟག་གི་བདག་མེད་ཀྱི་དོན་ཡིན་པར་འདོད་པ་ལ་ཁྱད་པར་མེད་ཅིང། དེའི་ཕྱིར་དེ་ཙམ་ཞིག་རྟོགས་པས་གང་ཟག་གི་བདག་མེད་མཚན་ཉིད་རྫོགས་པ་རྟོགས་པར་འདོད་པ་དང༌། དེ་ཙམ་ཞིག་མངོན་སུམ་དུ་མཐོང་བ་གོམས་པའི་སྟོབས་ཀྱིས་ཉོན་མོངས་པ་མ་ལུས་པར་སྤོང་ནུས་སོ་ཞེས་འདོད་པ་ནི། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ་དང་རྣལ་འབྱོར་སྤྱོད་པ་དང༌། དབུ་མ་རང་རྒྱུད་པ་ཐམས་ཅད་ཀྱི་ཐུན་མོང་གི་གྲུབ་པའི་མཐའ་ཡིན་ནོ། །ཞེས་གསུངས་པ་རྣམས་དོན་གཅིག་ཏུ་སྣང་བས། དང་པོ་འདོད་ཚུལ་ཅུང་ཟད་བཤད་ན། སྐྱེ་འཇིག་མི་བྱེད་པའི་རྟག་པ་དང་ཆ་ཤས་མེད་པའི་གཅིག་པུ་བ་དང་རྒྱུ་རྐྱེན་ལ་མི་བལྟོས་པའི་རང་དབང་བའི་གང་ཟག་གམ་ཕུང་པོ་ལས་ངོ་བོ་ཐ་དད་པའི་མ་སྐྱེས་པའི་རྟག་པའི་བདག་ཁས་བླངས་པ་ན་རྟག་གཅིག་རང་དབང་ཅན་གྱི་བདག་འདོད་ཚུལ་ཡིན་པ་གཞུང་དག་ཏུ་གསལ་ལ། སེམས་ཅན་རྒྱུ་རྐྱེན་གྱི་དབང་གིས་སྐད་ཅིག་གིས་འཇིག་པའི་མི་རྟག་པ་ངེས་ན་རྟག་གཅིག་རང་དབང་བའི་བདག་ཁེགས་དགོས་ཏེ་ཡ་གྱལ་ཁེགས་ན་ཚོགས་པ་ཞིག་དགོས་པའི་ཕྱིར་ཟེར་བའམ། ཡང་འགའ་ཞིག་གིས་ཟེར་ན་དགག་བྱ་ཕྲ་ཤོས་སྐྱེ་འཇིག་མི་བྱེད་པའི་རྟག་པ་དེ་ཡིན་པས་དེ་ཁེགས་པ་ན་ཚོགས་པ་ཁེགས་དགོས་ཞེས་ཞིབ་ཆ་བཞེད་པ་སྣང་ལ། ཡང་ན་སེམས་ཅན་རྟག་གཅིག་རང་དབང་ཅན་དུ་གྲུབ་ན་སེམས་ཅན་རྟག་པར་གྲུབ་དགོས། སེམས་ཅན་རྟག་པར་གྲུབ་ན་དེ་རྟག་མི་རྟག་དཔྱོད་པར་བྱེད་པའི་བློ་ཡིས་དཔྱད་མཐར་དམིགས་དགོས་པ་ལས་དེས་མ་དམིགས་ན་བློ་དེས་ཁེགས་པར་འཇོག་དགོས་ཏེ། དཔེར་ན་མདུན་གྱི་གཞིར་མིག་ཤེས་དེས་བུམ་པ་ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་ན་དེས་དེ་ཁེགས་པ་འཇོག་དགོས་པ་སོགས་འོག་ནས་འཆད་པར་འགྱུར་རོ། །ཆ་ཤས་མེད་པའི་གཅིག་པུ་ཟེར་བ་ནི་བདག་ཕུང་པོ་ལས་ངོ་བོ་ཐ་དད་པའི་ཡན་གར་བ་གནས་པ་ལ་བཞེད་དགོས་སམ་སྙམ་སྟེ། རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་པ་ལ་དེ་ཁེགས་དགོས་ལ་དེ་ལྟར་ཁེགས་པས་ཕུང་པོ་ལས་ངོ་བོ་ཐ་དད་པའི་སེམས་ཅན་མེད་པ་ངེས་ནུས་སོ། །དེའི་ཚེ་སེམས་ཅན་ནི་ཕུང་པོའི་ཚོགས་ཙམ་ལ་བཏགས་པར་ཁོང་དུ་ཆུད་པས། ཕུང་སོགས་ཀྱི་ཆོས་ཙམ་ལ་བཏགས་པའི་སེམས་ཅན་དམིགས་པར་འགྲོ་བ་ན་ཆོས་ལ་དམིགས་པ་ཞེས་བྱའོ། །གོང་དུ་དྲངས་པའི་སྟོང་ཐུན་སྐལ་བཟང་མིག་འབྱེད་ཀྱི་ལུང་གི་དོན་ཡང་གོང་དུ་བཤད་པ་ལྟར་བྱ་དགོས་སམ་སྙམ་སྟེ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཏུ་གྲུབ་ན་རྟག་གཅིག་རང་དབང་ཅན་གྱི་བདག་གྲུབ་དགོས་ལ། དེ་ལྟར་གྲུབ་ན་དེ་གྲུབ་མ་གྲུབ་དཔྱོད་པའི་བློ་ཡིས་རྙེད་དགོས་པ་ལས་མ་རྙེད་ན་བློ་དེས་ཁེགས་པ་འཇོག་དགོས་པ་གཞུང་ལུགས་དང་གྲུབ་མཐའ་གོང་འོག་ཀུན་འདོད་པ་མཐུན་མོང་བ་ཡིན་པ་ལས་འདི་ལ་དམིགས་བསལ་མེད་དོ། །

དཔེར་ན་ཐལ་འགྱུར་བའི་ལུགས་ལ་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་དབང་ཕྱུག་དང་གཙོ་བོ་སོགས་རང་གཞན་གྱི་སྡེ་བ་རྣམས་ཀྱིས་ཐུན་མོང་དུ་སྒྲོ་བཏགས་པ་རྣམས་ཁེགས་གསུངས་པས། རྒྱུ་མཚན་ནི་དེ་དག་ཡོད་ན་རང་གི་མཚན་ཉིད་ཀྱིས་གྲུབ་དགོས། དེ་ལྟར་གྲུབ་ན་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་རྙེད་དགོས་པ་ལས་མ་རྙེད་ན་དེས་ཁེགས་པ་འཇོག་དགོས་པ་བཞིན་ནོ། །ལམ་རིམ་ཆེན་མོ་ལས། དེ་ལྟ་བུའི་རིགས་པ་དེས་དཔྱད་པའམ་བཙལ་བ་ན་སྐྱེ་བ་ལ་སོགས་པ་ཅུང་ཟད་ཀྱང་མ་རྙེད་པ་ལ་དཔྱད་མི་བཟོད་པ་ཞེས་ཟེར་ལ་རིགས་པ་དེས་མ་རྙེད་པ་ཙམ་གྱིས་ཁེགས་པ་མིན་གྱི། ཡོད་ན་རིགས་པ་དེས་འགྲུབ་དགོས་པ་ལས་དེས་མ་གྲུབ་ན་ཁེགས་པ་ཡིན་ནོ། །ཡང་དེ་ཉིད་ལས། དེའི་ཕྱིར་རིགས་ཤེས་ཀྱིས་མི་གནོད་པ་དང་དེས་གྲུབ་པ་གཉིས་གཅིག་ཏུ་བཟུང་ནས་ཐ་སྙད་དུ་དགེ་སྡིག་ལས་བདེ་སྡུག་འབྱུང་བ་དང་། དབང་ཕྱུག་དང་གཙོ་བོ་ལས་བདེ་སྡུག་འབྱུང་བ་གཉིས་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་དུ་འཛིན་པའི་ལོག་རྟོག་གི་གནས་མེད་དེ། དབང་ཕྱུག་དང་གཙོ་བོས་བདེ་སྡུག་བསྐྱེད་པ་དང་དགེ་མི་དགེས་བདེ་སྡུག་བསྐྱེད་པ་གཉིས་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་མི་འགྲུབ་པར་མཚུངས་ཀྱང་། རིགས་པས་གནོད་མི་གནོད་རྣམ་པ་ཐམས་ཅད་དུ་མི་མཚུངས་པའི་ཕྱིར་རོ། །དེ་ལ་རང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་རྣམས་ཀྱི་འདོད་པ་ཐུན་མོང་མ་ཡིན་པས་ཀུན་བརྟགས་པའི་གཟུང་འཛིན་ཆ་མེད་དང་བདག་དང་གཙོ་བོ་དང་དབང་ཕྱུག་ལ་སོགས་པ་རྣམས་ནི། དེ་དག་གིས་རྣམ་པར་འཇོག་པ་ན་དེ་འདྲ་བའི་རང་གི་ངོ་བོས་གྲུབ་པ་ཡིན་མིན་རིགས་པས་དཔྱད་ནས་དེ་ནས་དེ་ལྟར་དཔྱོད་པའི་རིགས་པས་དོན་དེ་དག་རྙེད་པར་བསམས་ནས་བཞག་པ་ཡིན་པས། དེ་འདྲ་དེ་ལ་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པའི་དཔྱད་པ་གཞན་གྱིས་བྱས་པ་ཁས་ལེན་དགོས་པ་ཡིན་ཏེ། དོན་དེ་རིགས་པས་དཔྱད་བཟོད་དུ་འདོད་པའི་ཕྱིར་རོ། །དེ་ལྟར་དཔྱད་པ་ན་རིགས་པ་དྲི་མ་མེད་པའི་བརྟག་པའི་ཁུར་བཟོད་པ་མི་འབྱུང་བས་དེ་དག་རིགས་པས་མ་རྙེད་པ་ན་ཁེགས་པར་འགྱུར་ཏེ། དེ་དག་ཡོད་ན་རིགས་པ་དེ་དག་གིས་རྙེད་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་རྣམས་རིགས་ལམ་གཅིག་གི་ཐོགས་ནས་གཅིག་མཚུངས་སུ་ལན་འདེབས་དགོས་སམ་སྙམ། དོགས་པ་ཆེ་ས་ཞིག་ནི་དགག་བྱ་དེ་ཁེགས་པ་ལ་དེའི་སྟོང་པ་གྲུབ་དགོས་པས་དེ་ལྟར་ན་དགག་བྱ་ཁེགས་དཀའ་སླ་དང་སྟོང་པ་ཕྲ་རགས་མེད་པར་འགྱུར་སྙམ་དུ་བསམས་སོ། །

འོན་ཀྱང་བློ་དེས་དགག་བྱ་ཁེགས་ཚུལ་ལ་གཉིས་ཡོད་པས། དང་པོ་དགག་བྱ་གཞན་ཞིག་ཁེགས་པའི་སྟོབས་ཀྱིས་དགག་བྱ་དེ་ཁེགས་པ་ལ་དེའི་སྟོང་པར་ངེས་མི་དགོས་སམ་སྙམ་སྟེ། དཔེར་ན་གང་ཟག་རྟག་གཅིག་རང་དབང་ཅན་གྱི་སྟོང་པར་རྟོགས་པའི་བློ་དེས་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་ཁེགས་ཀྱང་དེའི་སྟོང་པ་མ་ངེས་པ་དང། ཀུན་གཞི་སོགས་དེ་དག་ཐལ་འགྱུར་བའི་ལུགས་ལ་ཡོད་ན་རང་གི་མཚན་ཉིད་ཀྱིས་གྲུབ་དགོས་པ་རྣམས་དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱིས་ཁེགས་ཀྱང་དེས་དེ་དག་གིས་སྟོང་པར་མ་ངེས་པ་བཞིན། གཉིས་པ་ནི་བློ་དེས་དགག་བྱ་གཞན་ཁེགས་པའི་སྟོབས་ཀྱིས་དགག་བྱ་ཁེགས་ཚུལ་སོང་བ་མ་ཡིན་པར་དགག་བྱ་དེ་ཁེགས་ན་སྟོང་པར་ངེས་དགོས་སམ་སྙམ་མོ། །འོ་ན་ཐལ་རང་སུའི་ལུགས་ལ་གཞིར་བཞག་ནས་གང་ཟག་བདེན་པར་གྲུབ་ན་གང་ཟག་རྟག་གཅིག་དབང་ཅན་དུ་གྲུབ་དགོས་པས། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་པའི་མདོ་སྡེ་པ་དེས། གང་ཟག་བདེན་པར་ཁེགས་པར་ཐལ། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པ་ཁེགས་པའི་ཕྱིར་ཟེར་ན། འདོད་ལན་བཏབ་པ་ཡིན་ན་ཕལ་ཆེར་འགལ་བ་མེད་པ་སེམས་ཏེ། བློ་དེས་དགག་བྱ་ཁེགས་པ་ལ་དགག་བྱ་རྣམ་པར་གཅོད་མི་དགོས་པ་གོང་དུ་བཤད་པ་ལྟར་འདོད་པར་བྱའོ།།

 

Related Articles