དབང་རྩའི་བྱུང་རིམ་དང་གནས་སྟངས་ལ་ཅུང་ཟད་དཔྱད་པ།

འབྲི་ཁ་བའི་བུ་མོ།

ཆོས་ལུགས་རེ་ལ་རྡོ་རྗེའི་ལུང་ཚིག་རེ།།
བདེན་དང་རྫུན་ཡང་གཡོལ་དུ་མེད་མོད་ཀྱང་།།
དཔྱད་གསུམ་རིགས་པའི་ལྟ་གྲུབ་སྨད་བྱུང་བ།།
དངོས་ཐོག་བདེན་པར་སྨྲ་བའི་ཤཱཀྱའི་སྲས།།

མྱོང་བ་སེམས་ཀྱི་རྣམ་གཞག་ཕྲ་མོ་ཀུན།།
ཤེས་ནས་བདེ་སྡུག་རྒྱུ་འབྲས་འཇུག་ལྡོག་ཚུལ།།
བྱམས་དང་སྙིང་རྗེས་ཚུལ་བཞིན་སྟོན་མཛད་པ།།
སྟོན་མཆོག་སྟོན་པ་ཁྱེད་ལས་གཞན་ན་གང་།།

བདེན་དོན་འཚོལ་ལ་ནང་བསྟན་ཚན་རིག་མཐུན།།
མཐུན་པའི་རིགས་ལམ་ཐབས་ཚུལ་སྣ་ཚོགས་པ།།
ནང་བསྟན་ཚན་རིག་འགལ་མེད་གྲོགས་སུ་ཁྱེར།།
ནང་ཚན་གཉིས་ཀྱིས་འགྲོ་བའི་ལམ་ཁྲིད་མཛོད།།

འདིར་ཅུང་ཟད་བཤད་འདོད་པ་ནི་དབང་རྩ་ཚན་རིག་གི་སྐོར་ཡིན་ལ། སྤྱིར་དབང་རྩའི་ཚན་རིག་བྱུང་རིམ་དང་ལོ་རྒྱུས་དེ་ཙམ་གཏིང་ཟབ་པོ་ཞིག་སྔོན་དུས་སུ་ཞིབ་བཤད་བྱས་པ་མེད་པ་འདྲ། འོན་ཀྱང་ཞིབ་འཇུག་པ་ཚོས་བཤད་ཚུལ་ལྟར་ན་དབང་རྩའི་ཚན་རིག་ནི་སྤྱི་ལོ་མ་ཚེས་གོང་གི་ལོ་ངོ་ ༢༠༠ཡན་མན་ཙམ་ནས་གནའ་བོའི་ཨི་ཇིབ་ཡུལ་མི་རྣམས་ཀྱིས་གཤིན་པོའི་ཕུང་པོ་ས་དོང་ལ་མ་སྦས་སྔོན་ལ་ཀླད་པ་ཉར་ཚགས་བྱེད་པ་བརྒྱུད་སེམས་ནད་བཅོས་ཐབས་འདྲ་མིན་བྱེད་པའི་རྣམ་གཞག་ཞིག་གནའ་བོའི་ཨི་ཇིབ་ཀྱི་ཡིག་ཚག་རྙིང་པ་ཞིག་ལས་སྙེད་ཡོད་པ་བཤད་སྲོལ་ཡོད་ལ། རྡོ་བསྐོས་ཡིག་རྙིང་དེ་ནི་ཡེ་ཤུའི་སྟོན་པ་མ་འཁྲུངས་གོང་གི་ལོ་༡༧༠༠ ཙམ་གྱི་སྔོན་ལ་བརྩམས་ཡོད་པ་ཚོད་དཔག་བྱེད་བཞིན་ཡོད་ལ། ཀླད་ཆེན་དང་དབང་རྩའི་ཕྲ་ཕུང་སྐོར་ལ་རིག་པའི་གཞུང་ལུགས་ལྡན་པའི་དབང་རྩའི་ཚན་རིག་དེ་དར་ནས་ལོ་ངོ་༤༠༠ ལྷག་ཙམ་ལས་སོང་མེད་པ་དང་ལྷག་པར་དུ་དབང་རྩའི་ཚན་རིག་ལ་ཆེད་དུ་དམིགས་ཏེ་བརྟག་དཔྱད་དང་ཞིབ་འཇུག་བྱས་ནས་རིག་པའི་སྡེ་ཚན་ཟུར་དུ་བཙུགས་ནས་དེ་ཙམ་ཡུན་རིང་པོ་སོང་མེད་སྐད་འདུག། །གང་ལྟར་དབང་རྩའི་ཚན་རིག་གི་རྣམ་གཞག་ནི་ནང་པའི་གཞུང་ལུགས་ནས་སེམས་ཁམས་དང་རྩ་རླུང་སོགས་ལ་འབྲེལ་བ་ཡོད་པའི་རིག་པའི་སྡེ་ཚན་དང་གཞུང་ལུགས་ཤིག་ཡིན་པར་སྙམ།

བརྗོད་དོན་སྙིང་པོ་ནི། ཀླད་པ་ནི་མཐོ་རིམ་སྲོག་ཆགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སམ་ལུས་ཀྱི་ཆ་ཤས་གཙོ་བོ་དེ་ཡིན་ཞིང་། དེ་ནི་མགོ་བོའི་ཀླད་རུས་ཀྱི་ནང་དུ་ཆགས་ཡོད་པ་དང་། མདོར་ན་ཀླད་པ་ནི་སེམས་ཅན་དབུགས་ལྡན་ཀུན་གྱི་ལུས་ཀྱི་མ་ལག་དང་དབང་པོའི་གལ་གནད་ཆེ་ཤོས་ཤིག་ཏུ་གྱུར་ཡོད། དེ་དང་འབྲེལ་བའི་དབང་རྩའི་ཕྲ་ཕུང་ཐེར་འབུམ་བརྒྱ་ལྷག་ཙམ་གྱིས་ལུས་ཀྱི་ཆ་ཤས་ཡོངས་ལ་ཁྱབ་པ་འདོད། དེ་ཡང་སྡེ་ཚན་གཉིས་སུ་ཕྱེ་སྟེ། དབུས་ཀྱི་དབང་རྩ་མ་ལག་དང་། མཐར་གནས་དབང་རྩ་མ་ལག་ཟེར། དབུས་ཀྱི་དབང་རྩ་མ་ལག་ནི་མགོ་རུས་ནང་ལ་ཡོད་པའི་ཀླད་ཆེན་དང་སྒལ་ཚིགས་ནང་ལ་ཡོད་པའི་རྒྱུངས་པ་གཉིས་སུ་ཡོད་ལ། དེ་ལ་ཐོག་མར་དབུས་ཀྱི་དབང་རྩ་མ་ལག་ནི་ཡན་ལག་གི་དབང་རྩ་མ་ལག་ལ་བརྡ་ལེན་སྤྲོད་མཁན་དང་ལུས་ཀྱི་དབང་པོ་ཚོས་ལས་ཀ་གང་བྱས་མིན་ལ་བཀོད་པ་ཐག་གཅོད་བྱེད་པོ་ལྟ་བུ་ཞིག་ཡིན། དེ་བཞིན་མཐར་གནས་དབང་རྩའི་མ་ལག་ནི་ལུས་སྤྱི་ལ་ཁྱབ་པའི་དབང་རྩའི་ཕྲ་ཕུང་ཀུན་ལ་གོ་དགོས་པ་དང་། དེའི་བྱེད་ལས་སམ་འགན་ཁུར་གཙོ་བོ་ནི་ཕྱིའི་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་དང་རང་ཉིད་ཀྱི་ལུས་ལ་ཚོར་བ་བདེ་སྡུག་གང་བྱུང་ཐམས་ཅད་ལུས་ཀྱི་ལྷུ་ལག་དང་ཕྲ་ཕུང་བརྒྱུད་ཡར་ཀླད་ཆེན་ལ་བརྡ་ལེན་སྤྲོད་མཁན་དང་འབྲེལ་བ་བྱེད་པའི་བྱེད་ལས་གཙོ་བོ་ལྡན་ཡོད། ཀླད་པ་དེ་ལ་ཀླད་ཆེན་དང་ཀླད་ཆུང་ཞེས་དབྱེ་བ་གཉིས་སུ་ཕྱེ་ཡོད་པ་དང་། ཀླད་ཆུང་ལ་ཀླད་རྙིང་ཡང་ཟེར། གཙོ་བོ་ཀླད་ཆེན་དེ་ལ་སྡེ་ཚན་བཞི་རུ་དབྱེ་ནས་སྡེ་ཚན་སོ་སོའི་བྱེད་ལས་དང་ནུས་པའི་ཁྱད་པར་ཡང་མི་འདྲ་བ་བཤད་ཡོད། སྡེ་ཚན་བཞི་ནི་མདུན་འདབ་དང་། རྣ་འདབ། གཙུག་འདབ། ལྟག་འདབ་བཅས་ཡིན་ལ། བཞི་པོ་དེ་མགོ་རུས་ལ་ཡོད་པའི་མགོ་བོའི་ཕྱོགས་བཞིའི་ཀླད་པ་དང་ཀླད་པའི་བྱེད་ལས་མི་འདྲ་བའི་ཆ་ནས་ངོས་འཛིན་བྱེད་ཀྱི་ཡོད། དཔེར་ན་ཀླད་པའི་མདུན་གྱི་ཆ་ལ་མདུན་འདབ་ཟེར་བ་དང་། བྱེད་ལས་ནི་འཆར་འགོད་དང་ཐག་གཅོད་ཀྱི་བྱ་བ་བྱེད་ཀྱི་ཡོད། དེ་བཞིན་རྣ་འདབ་ནི་རྣ་བ་གཡས་གཡོན་གྱི་རྒྱབ་ན་ཡོད་པའི་ཆ་དེར་རྣ་འདབ་ཟེར་ལ། སྐད་བརྡ་དང་འབྲེལ་བའི་དབང་ཚོར་ས་ཁུལ་ལམ། གནས་གཞི། ཡང་ན་སྒྲ་ཡི་བྱ་བ་བྱེད་པའི་དབང་རྩ་ཕྲ་ཕུང་གི་ལས་ཁུངས་ལྟ་བུ་ཞིག་ལ་གོ་དགོས།

གཙོ་བོ་སྒྲ་ཐོས་པ་དང་དེའི་དོན་རྟོགས་པའི་བྱ་བ་བྱེད་ཀྱི་ཡོད། ཀླད་པའི་རྒྱབ་ཀྱི་ཆ་དེར་ལྟག་འདབ་དང་། གཙོ་བོ་གཟུགས་མཐོང་བ་དང་དེའི་དོན་རྟོགས་པའི་བྱེད་ལས་ལྡན་ཡོད། སྟེང་གི་ཆ་དེར་གཙུག་འདབ་ཟེར་བ་དང་། གཙོ་བོ་རེག་ཚོར་དང་འབྲེལ་བའི་བྱེད་ལས་གནས་ས་དང་ཀླད་པའི་གཞི་ཁྱིམ་གཙོ་བོ་དང་གོ་ས་མཐོ་ཤོས་ཞིག་ཏུ་གྱུར་ཡོད་ལ། མདོར་ན་ཀླད་པས་དབང་པོ་ལྔའི་ཡུལ་ཤེས་པ་དང་ལུས་ཀྱི་འགུལ་སྐྱོད་སོགས་ལ་དབང་སྒྱུར་བྱེད་ཀྱི་ཡོད་པ་དང་། ལྷག་པར་འགྲོ་བ་མིའི་ཀླད་པ་ནི་བསམ་པ་དང་དྲན་པ་དེ་བཞིན་ཚོར་བ་དང་རྟོགས་པ་འཆར་གཞི་ལ་སོགས་པའི་སེམས་ཉིད་ཀྱི་འཕྲོ་འདུ་ལ་བྱེད་ནུས་སམ་དབང་སྒྱུར་བྱེད་ཀྱི་ཡོད། ཀླད་ཤུན་སྐྱི་མོ་ལ་ཀླད་ཟེར་ལ། ཚན་རིག་པ་ཚོས་བཤད་ན། ང་ཚོ་འགྲོ་བ་མི་ལ་ཆ་མཚོན་ན་ཤེས་ཚད་གོ་རྟོག་ཆེ་ཆུང་ནི་ཀླད་པ་ཆེ་ཆུང་ལ་བརྟེན་ནས་བྱུང་བ་མིན་པར་དབང་རྩ་ཕན་ཚུན་བར་མཚམས་སྦྱོར་དང་མཐུད་མང་པོ་རྒྱག་ཐུབ་མིན་ལ་རག་ལས་ཡོད་ཅེས་བཤད་ཡོད་ལ། དེ་བཞིན་ཚན་རིག་པས་རྣམ་ཤེས་ཡོད་པ་འདོད་ཀྱང་། ནང་པའི་འདོད་ཚུལ་བཞིན་དབང་རྩའི་ཕྲ་ཕུང་ལ་མ་ལྟོས་པའི་རྣམ་ཤེས་དང་ཤེས་པའི་ཉེར་ལེན་ཀྱི་རྒྱུ་ལ་ཤེས་པ་ཡོད་དགོས་པའི་ལྟ་བ་དང་འདོད་པ་མེད་ལ། འོ་ན་ཚན་རིག་པས་བཤད་པའི་རྣམ་ཤེས་གང་ཡིན་ཞེ་ན། དབང་རྩའི་ཚན་རིག་པ་ཕལ་ཆེར་གྱི་འདོད་ཚུལ་ལྟར་ན་ཀླད་པ་ལས་མངོན་པའི་ཁྱད་ཆོས་དང་དབང་རྩ་ཕྲ་ཕུང་ཐེར་འབུམ་བརྒྱ་ལྷག་གིས་བྱེད་ནུས་ལས་གྲུབ་པ་ཞིག་ལ་འདོད་དོ།

Related Articles