རབ་རིབ་དང་བྲལ་བའི་མིག

རིགས་པའི་མྱུ་གུ།

ང་ཚོའི་སྤྱི་ཚོགས་ཁྲོད་དུ་ཚན་རིག་ལ་ཞིབ་ཚགས་པོའི་ཐོག་ནས་བསམ་བློ་གཏོང་མཁན་ཉུང་ཞིང་དགག་པ་སྐྱོན་མཁན་མང་བ་དང་།

བོད་ཀྱི་མཁས་དབང་འགའ་ཞིག་ནས་ཀྱང་དགག་པ་སྐྱོན་གནང་གི་ཡོད་པ་རེད་དེ། དགག་པ་སྐྱོན་མཁན་དེ་དག་ལ་ཕྱོགས་སུ་མ་ལྷུང་བའི་ཐོག་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱེད་ན། ཕལ་ཆེ་བ་ཚན་རིག་ལ་དོ་སྣང་བྱས་པ་ཙམ་ལས་གཏིང་ཟབ་སློབ་སྦྱོང་བྱེད་མྱོང་མེད་པ་ཤ་སྟག་རེད།

དོན་དངོས་དང་མཐུན་པའི་ཚན་རིག་སྦྱངས་པ་བྱས་པའི་ཁེ་ཕན་ལ་བསམ་གཞིག་བྱས་ཚེ། ནང་པ་ཞིག་ཡིན་པའི་ཆ་ནས་ཚན་རིག་སྦྱོང་རྒྱུ་གལ་ཆེན་ནང་གི་གལ་ཆེན་ཞིག་ཡིན་པ་ངས་སྤོབས་པ་མཐོན་པོའི་སྒོ་ནས་བཤད་ཐུབ།

དེང་གི་སྐབས་ནང་བསྟན་ཆེས་ཉག་ཕྲ་བའི་སྐབས་འདིར། ནང་བསྟན་རྒྱ་ཁྱབ་ཏུ་འགྲོ་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་ལས་འགལ་རྐྱེན་དུ་དུས་ནམ་ཡང་མཐོང་གི་མེད་པ་མ་ཟད། དེ་ནང་པ་ཚང་མས་བསྒྲུབ་དགོས་པའི་ལས་འགན་ཞིག་ཡིན། དེང་གི་ཆར་ཡང་ཚན་རིག་པས་མིའི་དབང་རྩ་མ་ལག་ཕྲ་ཕུང་དེ་དག་ཡར་རྒྱས་ཚད་མཐོར་ཕྱིན་ཅིང་དེ་དག་གི་འགུལ་སྐྱོད་དང་གློག་གི་བརྡ་ལེན་བཅས་ལས་ཤེས་པ་རགས་པའི་རྣམ་གཞག་འགྲེལ་བརྗོད་ཀྱི་ལམ་ལས་འདས་པ་བཤད་དང་ཤོད་བཞིན་པའི་སྐབས་འདིར།ནང་དོན་རིགས་པའི་གཞུང་ལུགས་དག་ལས་བཤད་པའི་ཤེས་པ་ཕྲ་མོའི་རྣམ་གཞག་རིག་གསར་དང་ཟུང་དུ་འབྲེལ་ན་འཛམ་གླིང་གི་ཁྱད་ནོར་ཞིག་ཏུ་འགྱུར་རྒྱུ་གདོན་མི་ཟ་བར་སྙམ།

དབང་རྩ་མ་ལག་གི་ཕྲ་ཕུང་དེ་དག་ཡར་རྒྱས་ཚད་མཐོར་ཕྱིན་ཡོད་ནའང་གོམས་པ་མཐའ་མེད་འཕེལ་བ་བཤད་ཀྱི་མེད། སྐབས་རེར་མར་གུད་འགྲོ་བའང་སྲིད་པ་ཁས་ལེན་གྱི་རེད། ཐལ་འགྱུར་བས་སོ་སྐྱེས་ཀྱི་དབང་ཤེས་ལ་འཁྲུལ་ཤེས་ཀྱིས་ཁྱབ་པ་སོགས་འགྲེལ་ཚུལ་དེས་མཚོན་པའི་མང་དག་ཅིག་དེང་གི་སྐབས་ཚན་རིག་གི་ཐོག་ནས་བཤད་མི་ཐུབ་པ་མངོན་གསལ་ཡིན། འོན་ཀྱང་ཚན་རིག་པས་བཤད་པ་དེ་དག་འཇིག་རྟེན་གྱི་དབང་པོའི་ཡུལ་དུ་གང་གནས་པ་དེ་དག་འགྲེལ་བཤད་བྱེད་བཞིན་ཡོད། དེ་ལྟ་བུའི་ཚན་རིག་དེ་ལ་དབྱེ་ན་གཉིས་ཡོད། སྒྲ་ཐད་སྒྱུར་བྱས་ན། ཚན་རིག་གཙང་མ་དང་། ཚན་རིག་སྤྱིར་བཏང་བ་གཉིས་ཡོད། འོན་ཀྱང་ཚན་རིག་གཙང་མའི་ལམ་ནས་འགྲོ་མཁན་དེ་དག་དཔྱད་དོན་ངེས་པ་གདེང་ཁེལ་བ་ཞིག་མ་རྙེད་པར་ཐག་གཅོད་ཐུབ་ཀྱི་མེད། ཚན་རིག་པས་རྫས་འཕྲུལ་ལ་བརྟེན་ནས་དངོས་གཟུགས་ཇི་འདྲ་ཞིག་ཡིན་ཀྱང་དོན་སྟེང་དུ་ཡོད་མེད་བལྟ་རྒྱུ་དེ་རེད། ཤེས་པ་ཕྲ་རགས་ཀྱི་རྣམ་གཞག་རྫས་འཕྲུལ་གྱི་ལམ་ནས་སྟོན་མི་ཐུབ་པས། ལྟ་བ་དང་གྲུབ་མཐའ་ཤེས་པ་དང་འབྲེལ་ནས་ཡོད། དེང་གི་སྐབས་ཤེས་པའི་སྐོར་ཚན་རིག་པས་ཁས་ལེན་མི་ཐུབ་པ་རེད། ཚན་རིག་པས་བཤད་པ་དེ་དག་ལྟ་གྲུབ་ཙམ་མིན་པར་དཔྱད་བྱའི་ཡུལ་དེ་ཉིད་དོན་སྟེང་དུ་ཇི་ལྟར་གནས་མིན་ཐད་དཔྱད་དོན་གདེང་ཁེལ་བའི་ངེས་པ་རྙེད་པའི་ཚེ་ཐག་གཅོད་བྱ་རྒྱུ་ལས་ལྟ་གྲུབ་ཀྱི་རྒྱབ་ལྗོངས་དང་ཁས་ལེན་གྱི་འཛིན་མཚམས་སོགས་གང་ཡང་མེད།

ཚན་རིག་པས་གཟུགས་ཅན་དངོས་པོའི་འགྱུར་འགྲོས་ཕྲ་མོ་དང་། རྟེན་འབྱུང་རགས་པ་དུས་དང་མགྱོགས་ཚད། སྐྱེ་མཆེད་དབང་པོའི་རིམ་པ། དབང་ལྡན་ཕྲ་ཕུང་སོགས་ཀྱི་ཐོག་ནང་པ་ལས་ཆེས་ཞིབ་པའི་འགྲེལ་བརྗོད་བྱེད་ཐུབ། འོན་ཀྱང་ཚན་རིག་པས་ཤེས་པའི་བརྡ་ཆད་དག་ཞིབ་འཇུག་བྱེད་པ་ལ་བློ་ཁ་ཕྱོགས་པ་ཙམ་ལས་གྲུབ་འབྲས་རྒྱ་ཆེར་དེང་གི་སྐབས་སུ་ཐོན་ཐུབ་མེད། མིའི་གྲུབ་ཚུལ་ལ་བསམ་གཞིག་ཅིག་བྱས་པ་ཡིན་ན། འཇིག་རྟེན་གྱི་ཁམས་འདིར་སྐྱེས་ལྡན་གྱི་དངོས་པོ་ཆེ་ཆུང་ཇི་འདྲ་ཡང་རང་ཉིད་ཀྱི་ཚེ་ཚད་ཙམ་མ་ཡིན་པར་འཕེལ་འགྱུར་རིགས་པ་བེད་སྤྱད་ནས་དེ་ལ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱེད་པ་ཡིན་ན། དེ་ནས་མིའི་གྲུབ་ཚུལ་ཐེ་ཚོམ་མེད་པར་བརྗོད་ཐུབ་པ་སྙམ། དཔེར་ན། སེམས་ཅན་བྱེ་བྲག་པ་གཅིག་གིས་ཁོར་ཡུག་འདེམས་སྒྲུག་དང་རང་བྱུང་དབང་པོའི་འཕེལ་རིམ་སོགས་ལ་དཔྱད་པ་བྱས་འབྲས་མིའི་སྤྱི་ཚོགས་དེ་ཡང་དེ་དང་གཅིག་མཚུངས་སུ་ཡོད་དགོས་པ་དངོས་པོའི་ཆོས་ཉིད་དམ། རང་བཞིན་གྱི་གནས་སྟངས་ཤིག་ཡིན་པ་སྨོས་མ་དགོས་པར་གསལ་རྟོགས་ཐུབ་ངེས་ཡིན།

ང་ཚོས་མཐོང་བཞིན་པའི་མཁའ་དབྱིངས་དཀྱིལ་གྱི་རྒྱུ་སྐར་དེ་དག་ལ་བལྟས་ནས་སྔོན་འབར་གད་ཆེན་མོ་ནས་བྱུང་བ་ཤོད་ཀྱིན་ཡོད་པ་ལྟར། ད་ལྟ་མཐོང་རྒྱུ་ཡོད་པའི་སྐར་ཚོགས་དེ་དག་གི་འགུལ་སྐྱོད་ཀྱི་རྣམ་པའི་ཐོག་ནས་ཤིན་ཏུ་ཕྲ་བའི་འོད་ལོས་འཇལ་བའི་ཚེ་བར་ཐག་དང་འགྱུར་བ་མཐོང་གི་ཡོད་པ་ལས་འགྲེལ་བཤད་བྱེད་ཐུབ་པ་ཞིག་ཡིན། མི་གང་འདྲ་ཞིག་གིས་དཔྱད་པ་ལ་ཞུགས་ཚེ་དཔྱད་དོན་ལ་རང་ཉིད་ཡིད་ཆེས་བརྟན་པོ་ཡོང་བ་སྨོས་མ་དགོས། འོན་ཀྱང་དཔྱད་པ་རྣམ་དག་ཡིན་མིན་སླར་ཡང་དཔྱོད་དགོས་པ་ཞིག་རེད།

རྒྱུ་སྐར་གྱི་འཁོར་འགྲོས་དང་སྐར་ཚོགས་ཀྱི་བར་ཐག་ཅེས་པ་དེ་གྲུབ་མཐའ་ཙམ་མ་ཡིན་པར་དོན་དངོས་སུ་ལྡན་པའི་དངོས་གཟུགས་ཀྱི་བྱ་བ་ཞིག་དང་། མིའི་རྣམ་དཔྱོད་ཀྱིས་རྫས་འཕྲུལ་ལ་བརྟེན་ནས་དཔོག་པའི་འབྲས་བུ་གསལ་སྟོན་བྱས་པ་ཞིག་ཡིན། ནང་པའི་ལྟ་ཚུལ་དེ་ཡང་ས་ཡི་གོ་ལ་ཧྲིལ་པོའི་འགྱུར་འགྲོས་ཙམ་མ་ཡིན་པར་བསྐལ་པ་ཞེས་དུས་ཡུན་ཧ་ཅང་རིང་བའི་དོན་དུ་གོ་ཆོག་པ་མ་ཟད། དེ་ཡང་ནང་པའི་གཞུང་ལུགས་དག་ལས་ཡུལ་དུས་ངོ་བོ་གང་ཅིའི་ཐད་རྟོགས་དཀའ་བའི་དོན་དུ་འཇུག །བསྐལ་པ་ཡར་ཐོག་དང་མར་ཐོག་བར་གྱི་ཁུག་པ་སོགས་ཀྱང་རྩི་སྲོལ་མང་བས་མཐའ་གཅིག་ཏུ་ངེས་པ་མེད།

ཕྱོགས་སུ་མ་ལྷུང་བའི་བསམ་ཚུལ་ཞིག་ཞུ་བའི་དབང་དུ་བཏང་ན། སྤྱིར་འདི་བདེན་འདི་རྫུན་ཞེས་བཤད་མི་ཐུབ་པ་ཞིག་རེད། དཔེར་ན། ཆོས་མངོན་པ་མཛོད་ལས་གསུངས་པའི་འཇིག་རྟེན་གྱི་ཚད་གཞི་དེ་དག་འཇིག་རྟེན་སྤྱིའི་ཡོངས་གྲགས་མ་ཡིན་པར་གདུལ་བྱའི་ཁམས་དང་མོས་པར་བསྟུན་ཏེ་གསུངས་པ་དང་། གདུལ་བྱ་དེ་དག་གིས་ཀྱང་དེ་དང་དེའི་ཚེ་ཆོས་མངོན་པ་མཛོད་ལས་གསུངས་པ་བཞིན་འཇིག་རྟེན་གྲུབ་ཚུལ་འཐད་པར་སྙམ། དེང་གི་སྐབས་འཕྲུལ་ལས་ཚད་མཐོར་ཕྱིན་ཏེ་དཔྱད་པའི་གྲུབ་དོན་དེ་ཡང་དེང་གི་དུས་སུ་དོན་དངོས་སུ་གནས་ཡོད། སྤྱིར་རྒྱུ་འབྲས་ཀྱི་རིམ་པའི་དབང་དུ་བྱས་ན། བཅུད་དང་པོ་དང་། སྣོད་གཉིས་པར་གྲུབ་དགོས། འོན་ཀྱང་གོ་ལ་དེ་དང་དེའི་སྟེང་གི་སེམས་ཅན་གཉིས་ལ་བྱས་པ་ཡིན་ན། སྣོད་དང་པོ་དང་བཅུད་གཉིས་པར་གྲུབ་དགོས། དུས་ཚད་མ་འཇལ་གོང་དུ་རང་གིས་སྤྱིར་འཁོར་བར་ཐོག་མའི་མཐའ་འཇོག་ཐུབ་པར་འདུག་གམ། གལ་ཏེ་འཇོག་ཐུབ་ན། དེ་ནས་སེམས་ཅན་ཐོག་མར་གྲུབ་ནས་དེའི་སྤྱི་མཐུན་ལས་ལ་བརྟེན་ནས་དུས་ཇི་ཙམ་གྱི་རྗེས་སུ་སྣོད་ཀྱི་འཇིག་རྟེན་བྱུང་བ་བཤད་ཐུབ། སེམས་ཅན་སྤྱི་མཐུན་གྱི་ལས་ལ་བརྟེན་ནས་འབྱུང་བཞིའི་རང་འཁོར་གྱིས་འཇིག་རྟེན་འདི་ཐོག་མར་གྲུབ་པ་མ་ཟད། སྤྱི་མཐུན་གྱི་ལས་མ་རྫོགས་བར་མི་འཇིག་པར་གནས་ཐུབ་པ་ཡིན། འཕེལ་འགྲིབ་ཀྱི་རིམ་པར་ཚན་ཆོས་གཉིས་ཀར་བདེན་པ་ཡོད།

གོ་ལ་བྱེ་བྲག་པ་ཞིག་གི་གནས་སྟངས་ཐད། འགྲོ་བའི་འབྱུང་སྟངས་ལ་ཞིབ་ཚགས་བྱས་ཚེ། ཚན་རིག་པས་ལབ་པ་བཞིན་འབུ་སྲིན་ཕྲ་མོ་ནས་ཆུང་རིམ་གྱིས་འཕེལ་བ་ཡིན། ནང་ཆོས་ནས་གསུངས་པའི་ཆེ་རིམ་ནས་འགྲིབ་པ་དེ་ཡང་། བསྐལ་པ་གཅིག་གི་འགྲོས་དང་མཐུན་པའི་ཡུན་ཚད་ཀྱི་འགྱུར་བ་ལ་བཤད་པ་དང་། དེ་ཡང་སྒྲོན་བསྐལ་དང་། མུན་བསྐལ་ཞེས་རྩི་སྲོལ་ཡོད་པ་བཞིན་ཡར་ཐོག་དང་མར་ཐོག་སོགས་བགྲངས་པས་ཡར་ཐོག་སྐབས་ཚེ་རིང་བ་དང་། མར་ཐོག་སྐབས་ཚེ་ཐུང་བར་བཤད་པས་དེ་ཡང་དངོས་བདེན་ཡིན། འོན་ཀྱང་ཚེ་ལོ་བརྒྱད་ཁྲི་སོགས་དང་། དབང་པོའི་སྒོ་མ་དོད་པ་སོགས་བསམ་གཟུགས་ཀྱི་གནས་ལས་གཞན་པའི་འདོད་པ་བ་ལ་དེ་ལྟར་འབྱུང་བར་དཀའ་བས་དེ་ཡང་དཔྱད་དགོས་པར་སྙམ།

གལ་ཏེ་དེ་ལྟ་བུའི་འདོད་པ་བ་ཞིག་ཡོད་པ་ཡིན་ན་དེང་གི་འཕྲུལ་ལས་ཚད་མཐོར་ཕྱིན་པའི་སྐབས་འདིར་དཔང་རྟགས་ཁུངས་སྐྱེལ་ཐུབ་པར་སྙམ། གང་ཡིན་ཞེ་ན་ལོ་ངོ་ཐེར་འབུམ་མང་པོའི་ཡར་སྔོན་ནས་རྒྱུན་གནས་ཡོད་པའི་དངོས་པོའི་ལོ་ཚད་འཇལ་ཐུབ་པས་སོ། ། དེང་གི་སྐབས་བསམ་ཚུལ་གཉིས་སུ་ཡོད་པ་ནི། ཕྱོགས་གཅིག་གིས་དཔེ་ཆ་སྐྱོར་སྦྱོང་དང་། རྩོད་པ་ཡུན་རིང་ཐུང་སོགས། རྣམ་གཡེང་གི་མཁོ་ཆས་མང་བ་སོགས་ལ་གཟིགས་ནས་སློབ་ཉེར་ཉམས་ཉེས་སུ་མཐོང་བའི་བསམ་ཚུལ་ཞིག་དང་། ཕྱོགས་གཞན་དེས་སྔོན་དང་དེང་གི་དུས་ཀྱི་དགོས་མཁོ་མཚུངས་སྡུར་གྱི་ལམ་ནས་སློབ་གཉེར་ཡར་རྒྱས་སུ་འགྲོ་བའི་བསམ་ཚུལ་གཉིས་སུ་སྣང་བ་ལྟར། སུ་འདྲ་ཞིག་གིས་ཚན་ཆོས་གཉིས་ལ་ལོ་མང་རིང་སྦྱོང་བརྩོན་གནང་ཞིང་སྦྱངས་འབྲས་ལག་སོན་བྱུང་ཚེ་ཁས་ལེན་ཐུབ་པ་མ་ཟད། ཚན་རིག་གཞུང་ནས་བཤད་པ་བཞིན་དངོས་པོ་ཇི་འདྲ་ཞིག་གི་རང་གཤིས་གང་ཡིན་རྗེན་ཅེར་རང་གི་སྣང་ངོར་གྲུབ་ཐུབ་པའི་ཚེ་དེ་འཐད་ལྡན་དུ་འཛིན་པ་ནི་ཚན་རིག་པའི་ལྟ་གྲུབ་བམ་བྱེད་སྟངས་ཤིག་ཡིན།

ཕྱི་ལོ་༢༠༡༢ཟླ་༡༠ཚེས་༢༥ལ་ལས་ཤག་ཏུ་བྲིས།

Related Articles