ཆོ་འཕྲུལ་སྨོན་ལམ།

ནགས་ཤོད་སྐལ་རྒྱན། བཅོམ་ལྡན་འདས་ཀྱིས་མཉན་ཡོད་དུ་མུ་སྟེགས་སྟོན་པ་དྲུག་ཆོ་འཕྲུལ་ཆེན་པོས་ཚར་བཅད་ནས་འགྲོ་བ་མང་པོ་གྲོལ་བའི་ལམ་བསྟན་པའི་བླ་མེད་ཀྱི་མཛད་ཆེན་དེ་ཉིད་རྗེས་དྲན་དུ། འཇམ་མགོན་བླ་མས་ཆོས་འཁོར་དཔལ་གྱི་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པ་ནས་ཆོ་འཕྲུལ་སྨོན་ལམ་གྱི་ངོ་བོར་གྱུར། ད་བར་ལོ་ངོ་དྲུག་བརྒྱ་ཉེ་བར་གདན་ས་སེ་འབྲས་དགའ་གསུམ་གྱིས་སྲུང་བརྩི་བྱས་པ་མ་ཟད། དགེ་ལྡན་ཡིན་ནོ་ཅོག་ཆོ་འཕྲུལ་སྨོན་ལམ་སྟར་ཆགས་སུ་འཚོགས་སྲོལ་དར་བས་སྐྱེ་འགྲོ་མང་པོར་ཐར་པའི་དགེ་རྩ་བསྐྲུན་པ་སོགས་ཁྱད་འཕགས་ཀྱི་དུས་ཆེན་དང་། རྣམ་དཀར་དགེ་ཚོགས་སྒྲུབ་པའི་དུས་བཟང་ཞིག་ངོས་འཛིན་བྱེད། བསྟན་པའི་སྦྱིན་བདག་རྣམས་མཉན་ཡོད་དུ་རྒྱལ་པོ་རྣམས་ཀྱིས་བསྙེན་བཀུར་བ་བཞིན་བསྙེན་བཀུར་ཚད་མེད་གནང་སྲོལ་དར། སྤྱིར་སྟོན་པའི་མཛད་ཆེན་དེ་དག་དྲན་པ་དང་ཡིད་ལ་བྱས་ན་ཕན་ཡོན་དཔག་མེད་ཐོབ་ཀྱི་ཡོད་པས་ངེས་པར་དྲན་དགོས་པ་དང་། དེ་ཡང་ཚེས་གཅིག་ཉིན་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལས་ཆོ་འཕྲུལ་ཆེན་མོའི་འདུ་ཁང་དུ་གཤེགས། ཚེས་གཉིས་ལ་རྒྱལ་པོ་ཨུ་ཏྲཱ་ཡ་ན་ནས་རྒྱལ་པོ་རྣམས་རེས་མོས་ཀྱིས་ཉིན་བཅོ་ལྔའི་བར་བསྙེན་བཀུར་བ་ལྟར། ཚེས་བཅོ་ལྔར་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར། སྟོན་པས་ཆོ་འཕྲུལ་སྣ་ཚོགས་བསྟན་པའི་སྒོ་ནས་མུ་སྟེགས་སྟོན་པ་དྲུག་བཏུལ་འགྲོ་བ་གྲངས་མེད་མཐོ་རིས་དང་ཐར་པའི་གོ་འཕང་ལ་བཀོད། དེ་ལྟར་སྟོན་པས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་མོ་བསྟན་པའི་མཛད་པ་དྲན་པ་དང་། དེ་བཞིན་རྗེ་བླ་མས་ཆོ་འཕྲུལ་སྨོན་ལམ་ཆེན་མོར་ཇོ་བོ་རིན་པོ་ཆེར་གསེར་ཟངས་དབུ་རྒྱན་སྒྲོན་པ་དང་། ཚེས་བརྒྱད་དང་བཅོ་ལྔ་ལ་སྐུ་ཡོངས་རྫོགས་གསེར་ཆབ་ཕུལ་བ་སོགས་ངོ་མཚར་བའི་བཀྲ་ཤིས་པའི་མཆོད་པའི་བྱེ་བྲག་བརྒྱ་ཕྲག་སྣ་ཚོགས་བཀོད་ནས་དེ་དག་བདེ་བ་ཆེན་པོར་བྱིན་གྱིས་བརླབས་པ་སོགས་མཆོད་པས་ཕྱོགས་བཅུའི་རྒྱལ་བ་རྣམས་མཉེས་པར་མཛད་པའི་རྗེ་བླ་མའི་རྣམ་ཐར་དག་དྲན་པའི་སྒོ་ནས་དགེ་ཚོགས་སྒྲུབ་པ་ཉམས་ལེན་དངོས་ཡིན་སྙམ་མོ། དེ་རིང་ནི་ཆོ་འཕྲུལ་དུས་ཆེན་གྱི་ཚེས་བཅོ་ལྔ་ཏག་ཏག་རེད། དགེ་ཚོགས་འགྱུར་སྟོབས་ཆེ་བས་འབུམ་འགྱུར་ཟླ་བ་ཞེས་གྲགས། ཁྱོད་ནམ་རྒྱུན་དགེ་བ་སྒྲུབ་ཁོམ་མེད་དམ། ཡང་ན་སྒྲུབ་འདོད་མེད་པ་ཞིག་ཡིན་ཀྱང་སྲིད། གང་ལྟར་རང་གི་འདོད་ཐོག་ལ་བཞག་པས་བློ་བདེ་ཡོད་ངེས། འོན་ཀྱང་སྐབས་ལ་ལར་དགེ་སྒྲུབ་ལ་ཞུགས་ན་ཁྱོད་ལ་ཚོར་བ་དང་གྲུབ་འབྲས་གསར་པ་ཞིག་ཐོབ་སྲིད། འདི་ནི་རྒྱུ་འབྲས་ཀྱི་འགྲོ་སྟངས་རེད།

བདག་གིས་སངས་རྒྱས་གསོན་པོར་མཇལ་བ།

འབྲོང་ངུར་ཕོ་ཉ །༼འདི་ནི་སྒྲོ་འདོགས་ཤིག་གིས་བརྡ་ཆད་བཙན་གྱིས་སྦྱར་བ་མིན་པར་འོད་གསལ་ཕྱག་རྒྱ་ཆེན་པོའི་ལམ་ནས་ཚེ་གཅིག་སྐུ་བཞིའི་རྒྱལ་སར་གཤེགས་པའི་བླ་མ་དམ་པའི་ཡིན་ལུགས་ཀྱི་སྒོ་ནས་མཚན་བརྗོད་ཚུལ་ཞིག ༽

ཁ་བྱང་གི་འགྲེལ་པ།

ང་རང་ལོ་ན་ཧ་ཅང་ཕྲ་མོའི་དུས་ཤིག་ཡིན་པས་དུས་ཚོད་ངེས་གཏན་ཁ་ཚོན་ཆོད་པ་ཞིག་མི་དྲན་མོད། ཚོད་དཔག་བགྱིས་ན་ཧ་ལམ་སྤྱི་ལོ་ ༡༩༨༧ ཡས་མས་ཤིག་ལ་ཡིན་པ་ཡོད། ངས་སྐྱབས་རྗེ་བླ་མའི་མཚན་ཐོག་མར་ཐོས་པ་དང་སེམས་ལ་བག་ཆགས་ཟབ་མོ་ཡོང་དགོས་དོན་ནི།  དྲིན་ཅན་ཨ་མ་ལགས་ཀྱི་བཀའ་དྲིན་ཡིན། དེ་ཡང་གྲུབ་དབང་བླ་མ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན།  རྗེ་བཙུན་ཆོས་བཟང་རྡོ་རྗེ་འཆང་ཆེན་པོ་གང་ཉིད་རྒྱལ་བ་འབྲོང་ངུར་པ་ཆེན་པོའི་གདན་ས་བཀའ་བརྒྱུད་འཕེལ་རྒྱས་གླིང་དུ་གདན་དྲངས་ཏེ་སྐལ་ལྡན་གདུལ་བྱ་རྣམས་ལ་དྲང་ངེས་ཀྱི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་སྐབས་ཕྲན་གྱི་ཕ་མ་གཉིས་ཀྱང་ཆོས་གྲལ་དེར་ཞུགས་ཐུབ་པའི་སྐལ་བཟང་མངོན་དུ་གྱུར་འདུག་པས།  ཨ་མས་རྒྱུན་དུ་རྗེ་བླ་མའི་གསང་གསུམ་གྱི་རྣམ་ཐར་མོ་རང་གི་མོས་ངོར་གང་མཇལ་གླེང་དྲག་པ་དང་། ཕ་མ་ལ་ཡག་པོ་མ་བྱས་ན།  སངས་རྒྱས་ལ་ལྟག་སྒོ་འབིགས་རྒྱུ་ཡོད་མ་རེད།  ཅེས་བླ་མས་གསུང་གི་འདུག་གདའ།  ཞེས་ཕྲུ་གུ་ཚོར་སློབ་གསོ་རྒྱག་རྒྱུའི་ལུང་འདྲེན་ཡོད་ན་མེད་ན་དེ་རེད་འདུག་པས།  ངའི་སེམས་ཀྱི་གཏིང་རུམ་ན་ཟུབ་དཀའ་བའི་རི་མོ་ལྟར་དུ་རྗེ་བཙུན་མཐོང་བ་དོན་ལྡན་གང་ཉིད་གསལ་ལེར་གནས་གདའ།  འོན་ཀྱང་ང་རང་དངོས་སུ་མཇལ་བའི་བགོ་སྐལ་ཐོབ་རྒྱུ་ལ་ད་དུང་དུས་ཚོད་རིང་པོར་ཐོགས་བྱུང་།  རྒྱུ་མཚན་ནི་རྗེ་བླ་མ་བཞུགས་ས་ས་ཐག་རིང་བ་དང་གཅིག གཙོ་བོར་ཡིད་བཞིན་ནོར་བུ་གང་ཉིད་དུས་ཚོད་ཕལ་ཆེར་སྨྲ་བཅད་དང་སྒྲུབ་པ་ཁོ་ནར་བཞུགས་ཡོད་པས་ཡིན།

སྟག་ཕུའི་ཨར་གཞས་ལེའུ་དགུ་པ་དབང་གི་རྒྱལ་པོའི་འགྲེལ་བ་དོན་གསལ་སྒྲོན་མེ།

འབྲི་རུ་སྐལ་བཟང་རྒྱལ་མཚན།

རྒྱལ་ཀུན་སྙིང་རྗེ་སྒྱུ་འཕྲུལ་རོལ་པའི་གར། །
གང་འདུལ་འགྲོ་བློར་ཤར་བ་མིག་མི་འཛུམ།།
གཉིས་མེད་མི་ཡི་གར་མཛད་སྟག་ཕུ་པ།།
རིགས་བརྒྱའི་ཁྱབ་བདག་པདྨ་བཛྲ་འདུད། །

གང་གི་ཐུན་མོང་རྣམ་ཐར་ལུས་ཕྲ་མར།།
མངོན་བརྗོད་གོས་བཟང་སྙན་ངག་རྒྱན་གྱིས་སྤུད།།
ཉམས་འགྱུར་ཨར་གཞས་གར་དུ་རྩེན་པ་ཡི།།
དཔྱོད་ལྡན་ཡིད་འཕྲོག་དཔལ་གྱི་ལང་ཚོའི་བདག །

བསམ་བཞིན་ཞིང་འདིར་སྲིད་པ་བཟུང་བ་ནས།།
ཐོས་བསམ་སྒོམ་པས་བསྟན་ལ་སློབ་ཚུལ་སོགས།།
མ་འདྲེས་གསལ་བ་བདེ་ཆེན་དགའ་སྟོན་དཔལ།།
ཅུང་ཟད་མྱོང་འདོད་ཅན་ལ་མདོ་ཙམ་སྤེལ།།