ནགས་ཤོད་ཅེས་པ་ནི།

མིང་ལ་འདོད་རྒྱལ་དང་རྗེས་གྲུབ་གཉིས་ཡོད་པ་ལས་རྒྱུ་མཚན་ལ་ལྟོས་པའི་རྗེས་གྲུབ་ཏུ་བརྡ་བྱས་པ་ཞིག་ཡིན་ཏེ།   ཁོ་ར་འཁོར་ཡུག་ནགས་ཚལ་སྟུག་པོའི་ཚང་ཚིང་ཀུན་ཏུ་འཁྲིགས་ཤིང་རྩི་ཤིང་སྨན་རིགས་ཀྱི་དྲི་བསུང་རྣམ་པར་འཐུལ་བའི་ནགས་ཡིན་པས་ནགས་ཞེས་དང༌། རོང་གཞི་ས་བབས་དམའ་བའི་གཤོངས་སམ་ཤོད་ཡིན་པས་ཤོད་ཅེས་འབོད།

དཔེར་ན་ཐོག་རིམ་གསུམ་གྱི་ཁང་པ་ལ་སྟེང་ཤོད་བར་གསུམ་ཞེས་དང༌། དེ་བཞིན་རྩེ་ཤོད་ཅེས་རི་ཡི་གཤམ་ལ་ཤོད་ཅེས་འབོད། གོང་གི་ནགས་དང་ཤོད་གཉིས་བསྡོམས་ནས་བར་གྱི་ཚིག་སྣ་བསྡུས་པས་ནགས་ཤོད་ཅེས་པའི་ཐ་སྙད་འདི་གྲུབ། སྤྱིར་ནགས་ཤོད་འདི་ལ་མིང་གི་རྣམ་གྲངས་ལྟ་བུའི་ཐ་སྙད་སྣ་ཚོགས་པ་ཞིག་ཡོད་པ་ནི། བར་གྱི་དཔའ་སྡེ་ནགས་ཤོད་ཅེས་དང༌།

ནགས་ཤོད་སྟོང་བུ་ཆུང་ཞེས་དང༌། སྦས་ཡུལ་ ནགས་ཤོད་སྨན་ལྗོངས་ཞེས་དང༌། བཀྲ་ཤིས་ནཌ་ཀླུང་འབབ་པའི་ཡུལ་གྱི་ཤོད་ཅེས་དང༌། ནགས་ཤོད་སྨན་ལྗོངས་ཕྱུག་མོ་ཞེས་དང༌། ནགས་ཤོད་སྦས་ཡུལ་ལྗོངས་ཞེས་དང༌། བཀྲ་ཤིས་ ནགས་ཀླུང་སྟུག་པོ་བཀོད་པའི་ཡུལ་གྱི་ཤོད་ཅེས་དང༌། ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ཞེས་ སོགས་ཟུར་རྒྱན་གྱི་མཛེས་ཆོས་དུ་མ་དང་ལྡན་པའི་ནགས་ཤོད་ཅེས་པ་འདི། ཆབ་སྲིད་ གྱི་འཕོ་འགྱུར་དང༌། དུས་རབས་ཀྱི་འགྱུར་འགྲོས་གང་གིས་དབང་བསྒྱུར་འོག་མ་ཚུད་པར་ ནགས་ཤོད་ཅེས་པའི་ཐ་སྙད་འདི། གྲ་མ་ཉམས་གྲུ་མ་ཞིག་པར་བོད་བཙན་པོའི་དུས་རབས་ ཀྱི་སྔོན་ནས་དུས་ད་ལྟའང་གསོན་པོར་གནས་ཐུབ་པ་ནི་ནགས་ཤོད་པས་ངོམས་ཆོག་པའི་རིན་ཐང་དང་གཟི་བརྗིད་ཀྱང་ཡིན་ནོ། །

འོ་ན་ནགས་ཤོད་དང་འབྲི་རུ་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། ནགས་ཤོད་ཅེས་པ་ནི། ནགས་ཤོད་ཚོ་པ་སྤྱི་ལ་ཁྱབ་པའི་མིང་ཞིག་དང༌། འབྲི་རུ་ནི་དེའི་ཁྱབ་ཁོངས་སུ་ཡོད་པའི་འབྲི་རུ་ཤོག་ཁ་བཞི་ལས་གྲུབ་པའི་ཚོ་སྡེ་ཞིག་ལ་འབྲི་རུ་ཞེས་འབོད། ས་གནས་ཀྱི་ལྟེ་བ་ནགས་ཤོད་པའི་ཆབ་སྲིད་དང༌། དཔལ་འབྱོར་རིག་གནས་འགྲིམ་འགྲུལ་ས་ཚིགས་སོགས་ཀྱི་ལྟེ་བ་ཡོངས་གྲགས་སུ་ནགས་ཤོད་འབྲི་རུ་ཞེས་པ་དང༌། སྔ་དུས་སུ་ནགས་ར་ལྤགས་ཐང་ངམ་སྦུས་མདའ་ཞེས་ད་ལྟ་འབྲི་རུ་རྫོང་ཆགས་གནས་འདིར་ཡིན། འདིར་སྦུས་མདའ་ཞེས་འབོད་པའི་རྒྱུ་མཚན་ནི། འབྲི་རུ་དགོན་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་གི་གཡས་ཕྱོགས་ཀྱི་ལུང་པ་དེའི་མིང་ལ་ཁ་སྐད་དུ་སྦུས་ནང་ཞེས་དང༌། དེའི་མདའ་རུ་ཆགས་པས་ན་སྦུས་མདའ་ཞེས་འབོད། ས་གནས་འདིར་འབྲི་རུ་རྫོང་བཙུགས་ནས་འབྲི་རུ་ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་རྒྱ་ཁྱབ་དུ་སོང་ནས་ད་སྐབས་འབྲི་རུ་ཞེས་པ་འདི་རྫོང་ཧྲིལ་པོའི་མིང་དུ་ཆགས་ཡོད། དུས་འགྱུར་སྐབས་བོད་ཁྱོན་ཡོངས་བཞིན་ཡུལ་ལུང་འདིའི་ནང་དུ་དམྱལ་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུའི་བཟོད་གླགས་དཀའ་བའི་མནར་གཅོད་དང་གསབ་ཐབས་མེད་པའི་གྱོང་གུད་ཕོག་པ་དང༌། ལྷག་པར་དུ་དགུ་གཉིས་ཀྱི་མི་མངས་ཀྱི་གྱེན་ལངས་དང་སུམ་སྟོང་བརྒྱད་བརྒྱའི་དམག་གི་འཐབ་འཁྲུག་དང༌། བསྟན་སྲུང་ཆོས་རྒྱལ་དབང་གྲགས་དམག་གི་སྐོར་སོགས་ཁྲག་དམར་བཞུར་བའི་འཇིགས་སུ་རུང་བའི་ལོ་རྒྱུས་ཡོད་ནའང༌། མ་གོ་མ་མཐོང་པའི་ཚུལ་གྱིས་གཡོལ་ཐབས་ཁོ་ན་བྱས་ནས་དངོས་བྱུང་གི་ལོ་རྒྱུས་ཡིག་ཐོག་བཀོད་པ་ཞིག་མཐོང་བ་དཀོན། ལོ་རྒྱུས་དངོས་ལ་མྱོང་བ་ཚད་ལྡན་ཡོད་པའི་རྒན་རབས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ཀྱི་འཇིག་རྟེན་ཕྱི་མར་གཤེགས་པ་དང༌། འགའ་ཞིག་ནི་དངོས་མྱོང་གི་ལོ་རྒྱུས་གང་ན་ཅི་ཡོད་ཁོག་ནང་མེ་འབར་ཀྱང་ཁ་ནས་དུ་བ་མི་ཐོན་པའི་དཔེ་བཞིན་བྲི་རྩོམ་མི་ཕོད་པ་ཁོག་ནང་རུལ་འགྲོ་བ་སོགས་ཀྱི་གནས་ངན་ལས་མ་འདས། དུས་འགྱུར་སྐབས་སུ་བྱུང་བའི་དངོས་བྱུང་གི་ལོ་རྒྱུས་ཤུལ་མེད་དུ་མ་སོང་གོང་ཡིག་ཐོག་ཏུ་འཇོག་རྒྱུ་ནི་མ་འོངས་པ་ན་སྡེབ་རྩིས་རྒྱག་རྒྱུ་དང་ཡང་ན་འཁོན་ལེན་སློག་ཆེད་མིན་ནའང༌། དངོས་བྱུང་གི་ལོ་རྒྱུས་ནི་ལོ་རྒྱུས་རང་ཡིན་པས་སུས་ཀྱང་ནག་བསུབ་བཏང་དུ་མི་རུང་བས་ཐབས་ཤེས་ཡོད་དགུས་ཡིག་འཇོག་ཐུབ་ཐབས་བྱེད་རྒྱུ་ནི་ང་ཚོའི་མི་རབས་འདིའི་ལས་འགན་ཞིག་ཡིན་ནོ།།

ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་ད་ཡོད་ཀྱི་དགོན་པ། གསའ་མདའ་དགོན། སེན་ཚ་དགོན། དགའ་རི་དགོན། ཀླུ་མཁར་དགོན། དངུལ་ཁོ་དགོན། རྡོ་རྟེང་དགོན་བཅས་བོན་དགོན་དང༌། ཆགས་རི་དགོན། རྒོད་ལུང་དགོན། སེར་བཀྲ་ཤིས་དགོན་བཅས་རྙིང་མ། འགོམ་དགོན། ཝ་ཐང་དགོན། གླང་དེལ་དགོན་བཅས་བཀའ་བརྒྱུད་དང༌། ཤུག་ལྡིང་དགོན། གཡག་འཁྲབ་དགོན། ཆོས་སྡེ་དགོན། འབྲི་རུ་དགོན། ཆོས་གླིང་དགོན། སྒྲུབ་སྡེ་དགོན། འབྲོང་སྣ་དགོན། རྭ་ཁྱིམ་དགོན། རབ་བརྟན་དགོན། ལྟ་སྨོན་དགོན། བན་སྒར་དགོན། བྱ་སྣ་དགོན་བཅས་དགེ་ལུགས་ཡིན། དགོན་ཁག་སོ་སོའི་བླ་རབས་དང༌། གཙུག་ལག་ཁང་སྐུ་ གསུང་ཐུགས་རྟེན་སོགས་ཀྱི་སྐོར་ཞིབ་པར་འབྲི་རུའི་ལོ་རྒྱུས་དུ་གསལ་ལོ།།

འདིར་སྨྲས་པ།
ཚད་ལྡན་ལོ་རྒྱུས་ཟླ་བའི་མ་མ་ལས། །བྱུང་བའི་ལུང་རིགས་ཆུ་སྐྱེས་པད་དཀར་ཕྲེང༌། །
གཟུ་བོའི་བློ་ཡིས་བརྒྱུས་པའི་དོ་ཤལ་འདི། །བཀྲ་ཤིས་ནགས་ཀླུང་མཛེས་མའི་རྒྱན་ཏུ་སྦྱིན།།

དེ་ལྟ་ན་ཡང་བློ་གྲོས་མཐུ་གཞན་པས། །གཏིང་ཟབ་ལོ་རྒྱུས་དཔྱད་པའི་འཁྲུལ་བ་གང༌། །
ཕྱོགས་སུ་ལྷུང་བའི་བློ་ཡིས་མ་བགྱིས་པས། །རྣམ་དཔྱོད་བློ་ལྡན་ཚོགས་ལ་བདག་འཆགས་སོ།།

ངལ་བས་བསྒྲུབ་པའི་བྱུང་རབས་ཚིག་གི་ཕྲེང༌། །སྤེལ་བའི་དགེ་བའི་འབྲས་བུ་ཅི་མཆིས་པ། །
ཤེས་བྱའི་གནས་ལ་བློ་མིག་རབ་རྒྱས་ནས། །ཆོས་ཀུན་མངོན་དུ་འགྱུར་བའི་རྒྱུ་རུ་བསྔོ། །

འབྲི་རུ་སྐལ་བཟང་རྒྱལ་མཚན།

 

 

རྩོམ་ཡིག་འདི་ཐེངས་ 9236 བཀླགས་འདུག

Related Articles