ཆོས་འབྱུང་རིན་ཆེན་ཕྲེང་བ།

སྟོན་པ་མཆོག་དང་བྱམས་དང་འཇམ་དཔལ་དབྱངས།།གཏད་རབས་བདུན་དང་འཕགས་ཡུལ་པཎ་གྲུབ་སྤྱི། ། ཁྱད་པར་གངས་རིའི་ལྗོངས་སུ་ཐུབ་པའི་བསྟན། སྤེལ་མཛད་རྒྱལ་བློན་ལོ་པཎ་རྣམས་ལ་འདུད།།

མདོ་ཁམས་སྦས་ཡུལ་ནགས་ཤོད་སྨན་ལྗོངས་འདིར།   །ནང་ཆོས་འཕེལ་འགྲིབ་ཇི་ལྟར་བྱུང་བའི་ཚུལ།།
སྔོན་རབས་བྱུང་བ་སྲེག་ཟའི་ཞལ་དུ་བཏབ། །བདག་བློ་མུན་ནག་འབེན་ལ་མདའ་མོ་མཚུངས།།

བྱུང་རབས་རྟོགས་པའི་མངོན་ཤེས་མིག་མེད་ཀྱང༌། །རྒྱལ་རབས་ཆོས་འབྱུང་འབྲེལ་ཡོད་ཡིག་རིགས་རྣམས།།
གུང་དུ་བསྒྲིགས་ནས་དཔྱད་གཞིའི་ཚུལ་དུ་ནི། །རབ་དཀར་ལྷག་བསམ་དག་པས་རགས་ཙམ་བཀོད།།

ཞེས་མཆོད་པ་བརྗོད་པ་སྔོན་དུ་བཏང་ནས་གང་བརྗོད་པར་བྱ་བ་ནི་མདོ་ཁམས་ནགས་ཤོད་དུ་ནང་ཆོས་དུས་གང་གི་ཚེ་བྱུང་བ་དང༌། དེ་ཉིད་འཕེལ་འགྲིབ་ཇི་ལྟར་བྱུང་བའི་ཚུལ་བཅས་ཡིན། དེ་ལ་ཐོག་མར་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་བྱུང་ཚུལ་ནས་བཤད་ན།

བཙན་པོའི་གདུང་རབས་ཉི་ཤུ་རྩ་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་འདིའི་འཁྲུངས་ལོ་འགྲོ་མགོན་འཕགས་པ། ངོར་པའི་ཆོས་འབྱུང༌། ས་ཆེན་སོགས་མི་མཐུན་པ་མང་དུ་ཡོད་ཀྱང༌།

བཻ་དཀར་དང༌། སུམ་པ་མཁན་ཆེན་གྱི་རྩིས་གཞུང་མ་ཡིག །བྲག་དགོན་པའི་རྩིས་གཞུང་རྣམས་མཐུན་པར་སྤྱི་ལོ་ ༢༥༥ ལོར་འཁྲུངས་པར་གསུངས་ཞེས་ལོ་ཚིགས་དྭངས་ཤེལ་མེ་ལོང་དུ་གསལ། རྒྱལ་པོ་འདིའི་སྐུ་རིང་ལ་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་བའི་སྔ་ལྟས་སུ་སྤང་སྐོང་ཕྱག་རྒྱའི་གླེགས་བམ་སོགས་ནམ་མཁའ་ནས་བབས་པ་དོན་མ་ཤེས་ཀྱང་ངོ་མཚར་ཅན་དུ་གཟིགས་ནས་མཚན་གཉན་པོ་གསང་བ་བཏགས་ཏེ་མཆོད་དེ་དམ་པ་ཆོས་ཀྱི་དབུ་བརྙེས་ཞེས། ལོ་རྒྱུས་ཕལ་ཆེ་བར་གཉན་པོ་གསང་བ་ནམ་མཁའ་ནས་བབས་པ་གསུངས། སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་ལས། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དྲིན་ལ། དམ་པ་ཆོས་ཀྱི་དབུ་བརྙེས་པ་ཡིན་ལ། དེའི་ལོ་རྒྱུས་ཞིབ་ཏུ་བཤད་ན་སྐྱེས་བུ་དམ་པ་དེས་རྒྱལ་སྲིད་འཛིན་པའི་ཚེ། ལི་ཐེ་སི་དང་ཐོ་གར་གྱི་ལོ་ཙཱ་བ་བློ་སེམས་མཚོ་གཉིས་ཀྱིས། རྒྱ་གར་གྱི་པཎྜྀ་ཏ་མཁས་བ་ལེགས་བྱིན་སྤྱན་དྲངས་ནས་བྱོན་ཏེ། རྒྱལ་པོ་ལ་ཆོས་གསུངས་པས། བོད་ན་ཡི་གེ་མེད་པའི་སྟབས་ཀྱིས་བསླབ་ཏུ་མ་བཏུབ་ནས་ཟ་མ་ཏོག་བཀོད་པ། སྙིང་པོ་ཡི་གེ་དྲུག་མ་(འདི་ཤོག་དྲིལ་སེར་པོ་ན།)གསེར་གྱིས་བྲིས་པ་(ལཉྫའི་ཡི་གེ་)གཅིག་ལ་མུ་དྲའི་ཕྱག་རྒྱས་བཏབ་ནས་རྒྱལ་པོ་ལ་ཕུལ་ཏེ། འདི་ལ་ཕྱག་དང་བསྐོར་བ་དང༌། མཆོད་པ་བགྱིས་ལ་གསོལ་བ་ཐོབ། གང་འདོད་པའི་བྱིན་རླབས་འབྱུང་གིས། ངས་བོད་དུ་བསྡད་ཀྱང་ཕན་མི་ཐོག་པར་འདུག་གསུངས་ནས་རྒྱ་ནག་དུ་བཞུད་དོ། ཞེས་གསལ། གསུངས་ཚུལ་འདི་ནི་ལྷ་སྒྲུང་གི་དྲི་མས་མ་གོས་པ་ལོ་རྒྱུས་མ་བཅོས་ལྷུག་པོར་བཞག་པའི་གཏམ་རྒྱུད་ངོ་མཚར་ཅན་ཞིག་མཐོང༌། གཉན་པོ་གསང་བ་ནམ་མཁའ་ནས་བབས་པ་སྨྲ་བ་ནི་གནའ་བོའི་ལྷ་སྒྲུང་ལ་གོམས་ཤིང་གནམ་ལ་དགའ་བའི་སྐབས་དེའི་མི་རྣམས་ཀྱི་སེམས་ངོར་འཇུག་པ་བདེ་བའི་ཆེད་ཉི་ཟེར་ལ་བཅིབས་ཏེ་ཕོ་བྲང་གི་ཡང་ཐོག་ཏུ་བྱོན་ནོ་ཞེས་བཅོས་པ་མིན་ནམ་སྙམ། སྐབས་དེ་དུས་བོད་ལ་ཡི་གེ་ཡོད་མེད་དཔྱད་གཞི་ཡིན་ལ། གལ་ཏེ་མེད་ཀྱང་གཉན་པོ་གསང་བའི་དོན་པཎྜི་ཏས་བཤད་དེ་ལོ་ཙཱ་བས་བསྒྱུར་ཀྱང་ད་དུང་དོན་མ་གོ་ཞེས་བཤད་ན་རང་གི་ཡབ་མེས་ཅི་ཡང་མི་ཤེས་པའི་གླེན་པ་ཞིག་བཟོས་པ་ཡིན།

འདི་ལ་དཔྱད་གཞི་གཞན་ཞིག་ཡོད་པ་ནི་སྐབས་དེ་དུས་ཀྱི་ནང་ཆོས་དར་ཁྱབ་འགྲོ་སའི་འཁོར་ཡུག་ ལ་བསམ་གཞིག་བྱས་ཚེ། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་འཚོ་བ་དང་གདོད་མའི་བོན་གྱི་བསམ་བློ་གཉིས་འབྲེལ་ནས་ཡོད་པ་དང༌། སྲོང་བཙན་བཞིན་དཔལ་འབྱོར་དང༌། དམག་དོན་གྱི་ནུས་ཤུགས། གཅིག་གྱུར་གྱི་ཆབ་སྲིད་སྲ་བརྟན་མེད་པ་སོགས་ཀྱི་ཤུགས་རྐྱེན་འོག་སུས་ཀྱང་མི་རབས་ལྔ་ཡི་རིང་གཉན་པོ་གསང་བའི་དོན་མ་གོ་ནས་བོད་དུ་ནང་ཆོས་དར་བའི་འགོ་ཚུགས་ཐུབ་མེད་ཅེས་བཤད་ན་གོ་སླ་བ་ཡིན། གཉན་པོ་གསང་བ་ལོ་ཙཱ་བས་གདན་དྲངས་པ་དང༌། ནམ་མཁའ་ནས་བབས་པ་སུའི་ལུགས་སུ་བྱས་ཀྱང་རྒྱལ་པོའི་ཕོ་བྲང་དུ་བྱུང་ནས་བོད་དུ་དམ་པ་ཆོས་ཀྱི་དབུ་བརྙེས་པ་བཞེད་དོ།། ཁ་བའི་ལྗོངས་འདིར་དབང་བསྒྱུར་བའི་པུར་རྒྱལ་བོད་ཀྱི་བཙན་པོ་མང་དུ་བྱུང་བའི་ནང་ནས་ཆོས་སྲིད་ཀྱི་མཛད་རྗེས་རླབས་པོ་ཆེས་བོད་ཁམས་གཅིག་གྱུར་གྱི་བོད་བཙན་པོའི་རྒྱལ་ཁབ་འཛུགས་པ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་སྤྱི་ལོ་ ༦༡༧ ལོར་འཁྲུངས། ཐོན་མི་སོགས་བོད་ཕྲུག་མང་པོ་རྒྱ་གར་དུ་མངགས་ནས་ཐོན་མིས་རྒྱ་གར་དུ་རིག་གནས་ལ་མཁས་པར་སྦྱངས་ཏེ་བོད་ཀྱི་ཡིག་སྲོལ་ཕྱེ། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས། མདོ་སྡེ་ཟ་མ་ཏོག་དང༌། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་མང་དུ་བསྒྱུར་ཏེ་སངས་རྒྱས་བསྟན་པའི་སྲོལ་བཏད་པ་ཡིན་ནོ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱ་གར་འཕགས་པའི་ཡུལ་ནས་མཁན་སློབ་གཉིས་གདན་དྲངས་ཏེ། མཁན་སློབ་ཆོས་གསུམ་གདན་འཛོམས་ཐོག་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། སློབ་དཔོན་གྱིས་ལྷ་སྲིན་གདུག་པ་ཅན་ཐམས་ཅད་ཚར་བཅད་དེ་དམ་ལ་བཏགས། རྗེ་འབངས་ཉེར་ལྔ་སོགས་ལ་གསང་སྔགས་ཟབ་མོ་བསྩལ་ནས་གསང་སྔགས་ཀྱི་སྡེ་སྐྱོང༌། བྷི་ཀ་མ་ལའི་གཙུག་ལག་ཁང་ནས་མཁན་པོ་བོ་དྷི་ས་ཏྭའི་སློབ་མ་དགེ་སློང་བཅུ་གཉིས་གདན་དྲངས་ཏེ་མཁན་པོས་ཐམས་ཅད་ཡོད་སྨྲའི་ལུགས་སུ་སད་མི་མི་བདུན་སོགས་རབ་ཏུ་བྱུང་ཞིང་དམ་ཆོས་འདུལ་བའི་སྲོལ་ཐོག་མར་བཙུགས། དམ་ཆོས་འདུལ་བ་ནས་དབུ་མའི་བར་གྱི་འཆད་ཉན་གྱི་རྒྱུན་བཙུགས། ཀ་ཅོག་ཞང་གསུམ་སོགས་ལོ་ཙཱ་བ་རྣམས་ཀྱིས་མདོ་རྒྱུད་བསྟན་བཅོས་དུ་མ་བོད་ཡིག་ཏུ་བསྒྱུར། ཕྱིས་སུ་རྒྱ་ནག་ནས་ཧྭ་ཤང་མ་ཧྭ་ཡ་ནས་བོད་དུ་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་ལོག་པ་སྤེལ་བ་ལ་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས། སློབ་དཔོན་གྱིས་ཧཱ་ཤང་འཁོར་དང་བཅས་པ་རིགས་པས་ཚར་བཅད་དེ་བསྟན་པ་དག་ཐེར་མཛད། བོད་རྗེ་ཁྲི་རལ་པ་ཅན་གྱིས་པཎྜི་ཏ་དང་ལོ་ཙཱ་བ་མང་དུ་བསྡུས་ཏེ་བཀའ་བསྟན་གྲགས་ཆེ་བ་ཐམས་ཅད་བོད་ཡིག་དུ་བསྒྱུར་ཅིང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། རབ་བྱུང་དང་སྔགས་པའི་སྡེ་མང་དུ་འཛུགས་པ་མཛད། དེ་ནས་བཙན་པོ་དར་མ་ཁྲི་ལ་བཀོད་རྗེས་བཙན་པོས་བསྟན་པ་བསྣུབས་ནས་ཆོས་ཀྱི་མིང་ཙམ་མི་གྲགས་པ་བྱས།

ཁྲི་འུ་དུམ་གྱིས་བསྟན་པ་བསྣུབས་ནས་ཆུ་བོ་རིའི་སྒོམ་གྲྭ་སྨར་གཡོ་གཙང་གསུམ་ཆུ་བོ་རི་ནས་བྲོས་ཏེ་མདོ་སྨད་དན་ཏིག་དུ་བཞུགས་པའི་སྐབས། བླ་ཆེན་དགོངས་པ་རབ་གསལ་གྱིས་ཕན་ཡུལ་སྣང་གསལ་ལྷ་ཁང་དུ་རབ་ཏུ་བྱུང་བས་ཆོས་ཉན་བཤད་བྱེད་པའི་ལྡེབས་བྲིས་གཟིཌ་པས་རྐྱེན་བྱས་ནས་མདོ་སྨད་དུ་ཕེབས། སྨར་གཡོ་གཙང་གསུམ་ལས་རབ་བྱུང་བསྙེན་རྫོགས་ཆབ་ཅིག་བཞེས། བླ་ཆེན་དགུང་ལོ་ཉེར་ལྔའི་སྐབས་འལ་རྡོ་རྗེ་དབང་ཕྱུག་སོགས་སྨར་གཡོ་གཙང་གསུམ་གྱི་སར་བསྙེན་རྫོགས་ཞུ་བར་བཅར་ཡང༌། ངེད་རྒས་པས་མཁན་པོ་མི་བསྐྱོངས་ཁྱོད་ཀྱིས་གྱིས་ཤིག་གསུངས། བླ་ཆེན་པོས་ངས་བསྙེན་པར་རྫོགས་ནས་ལོ་ལྔ་ལས་མ་སོང་བས་ཟེར་ཞུས་པས། དེ་ལ་ཉེས་ཤིག་འོང་སྟེ་བསྟན་པ་སྤེལ་བ་ལ་དགོས་པ་ཆེ་བ་སྣང་གི། ཅིས་ཀྱང་གྱིས་གསུངས་པ་བཞིན། དམིགས་བསལ་དང་དགོས་དབང་གིས་ཁས་བླངས་ཏེ། བླ་ཆེན་པོས་མཁན་པོ་བྱས་ནས་མཁས་བཙུན་མི་དྲུག་རབ་བྱུང་དང་བསྙེན་རྫོགས་མཛད།

མི་དྲུག་ནི། ཆོས་འབྱུང་མེ་ཏོག་ཕྲེང་བ་ནང་གསལ། འལ་རྡོ་རྗེ་དབང་ཕྱུག །སྣུབ་དཔལ་གྱི་བྱང་ཆུབ། སྤང་གོང་ཡེ་ཤེས་གཡུང་དྲུང༌། པར་རིན་ཆེན། ཉང་ཡེ་ཤེས་སེང་གེ །ཅོག་རོ་ཤེས་རབ་བྱང་ཆུབ་བཅས་ཡིན། གཞན་ཡང་ཤོ་ཆུང་ཤེས་རབ་གྲགས་པ་སོགས་མང་པོ་བཀའ་དྲིན་མནོས་ཏེ་མདོ་སྨད་དུ་བསྟན་པའི་མེ་རོ་ལངས། སྤང་གོང་གི་དྲུང་ནས་གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་བསྙེན་རྫོགས་ཞུས། ཀླུ་མེས་སོགས་མི་བདུན་མདོ་སྨད་དུ་ཕེབས་ནས་གྲུམ་ཡེ་ཤེས་རྒྱལ་མཚན་ལ་ལྔས་དགེ་སློང་དང༌། རྒྱ་བློ་གྲོས་ཤེས་རབ། གཞོན་བན་ཆོས་མཆོག་གཉིས་ཀྱིས་དགེ་བསྙེན་ཞུས། དེའི་རྗེས་སུ་མཐའ་བཞི་རྒྱལ་བ་འཕགས་སོགས་ཕྱི་མ་ལྔ་མདོ་སྨད་ཕྱོགས་སུ་མར་བཞུད་པ་དང༌། སྔ་མ་རྣམས་ཡར་ཡོང་བ་དང་འཕྲད་ནས་ཕྱི་མ་རྣམས་ཀྱིས་གྲུམ་ཡེ་ཤེས་རྒྱལ་མཚན་ལས་བཀའ་དྲིན་མནོས། དབུས་སུ་ཕེབས་ཏེ་ཀླུ་མེས་དགུང་ལོ་སོ་བཞི་ས་བྱ་ ༩༤༩ལོར་ཀླུ་མེས་ཀྱིས་ལྷ་སར་བསྟན་པའི་གནས་གཞི་དགེ་འདུན་གྱི་སྡེ་བཙུགས་ཏེ་འདུལ་བའི་བསྟན་པ་སྤེལ་བ་དེ་ལ་སྨད་འདུལ་ཟེར། ལོ་འདི་ལ་བསྟན་པ་ཕྱི་དར་འགོ་ཚུགས་པ་བཞེད། བསྟན་པ་སྔ་དར་དང་ཕྱི་དར་གྱི་རྣམ་དབྱེ་དམ་ཆོས་འདུལ་བའི་བསྟན་པ་ཁོ་ན་ལ་བྱེད་དགོས་ཏེ། རྗེ་བདག་ཉིད་ཆེན་པོས། རྒྱལ་བའི་གསུང་རབ་མ་ལུས་སྡེ་སྣོད་གསུམ། །དེ་ཕྱིར་བསྟན་པའི་སྙིང་པོ་བསླབ་པ་གསུམ། །དེ་དག་ཐོག་མ་ཚུལ་ཁྲིམས་བསླབ་པ་སྟེ།། འདི་ཡི་གནས་ནི་འདུལ་བ་ཡིན་པ་གསུངས། ཞེས་གསུངས་པ་ལྟར་བསྟན་པའི་གཞི་མ་དམ་པའི་ཆོས་འདུལ་བ་ཡིན་པས་དེའི་སྡོམ་རྒྱུན་དང་ལག་ལེན་ཡོད་མེད་ཀྱི་སྒོ་ནས་འཇོག་པ་ལས་གཞན་ལྟ་སྤྱོད་སོགས་ཀྱི་སྒོ་ནས་འཇོག་མི་ཐུབ་པའི་ཕྱིར།

འབྲི་རུ་སྐལ་བཟང་རྒྱལ་མཚན།

 

 

རྩོམ་ཡིག་འདི་ཐེངས་ 1526 བཀླགས་འདུག

Related Articles