ཤན་སྐད་དྭངས་གསལ་གྱི་ལམ་སྟེགས།

བོད་མི་རིགས་ལ་དུང་ཞེན་ཆེ་ཞིང་གནའ་དེང་གི་རིག་གཞུང་ལ་སྦྱངས་མཐར་ཕྱིན་པའི་ཁ་བ་ཅན་པའི་མཁས་མིང་འཛིན་པའི་རིག་པའི་ཕུ་བོ་མང་དག་ཅིག་གིས།

ཆོལ་གསུམ་སྤྱི་སྐད་གཏན་འབེབས་ཀྱིས་བོད་ཡུལ་རོང་འབྲོག་སོ་སོའི་སྐད་རིགས་གཅིག་གྱུར་དགོས་ཞེས་མགྲིན་གཅིག་ཏུ་གསུངས། འདི་ནི་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དཔའ་མཛངས་སྟོབས་དང་ལྡན་པའི་སྔོན་བྱོན་དམ་པ་རྣམ་པས་ཕྱི་རབས་ཁ་བའི་རྒྱུད་འཛིན་པ་རྣམས་ཀྱི་མདུན་ལམ་ལ་དམིགས་ནས། ང་ཚོ་ལ་བཞག་པའི་ནོར་བུ་རིན་ཐང་བརྗོད་དུ་མེད་པའི་སྐད་ཡིག་གཅེས་འཛིན་བྱེད་པའི་ལས་དོན་བཟང་པོ་འདི་ལ། ཤ་ཁྲག་གི་རུས་རྒྱུད་གཅིག་ཅིང་ཆོལ་གསུམ་ལས་དབང་སྙིང་ལ་བཅངས་བའི་གྲོགས་པོ་ཚང་མས་སྙིང་ཐག་པ་ནས་བཀུར་འོས་པ་ཞིག་ལོས་ཡིན།

གལ་ཏེ་སྤྱི་སྐད་བཟོ་བའི་ལས་དོན་བཟང་པོ་འདི་འགྲུབ་པ་སྲིད་ན། རང་རེའི་མཐུན་འབྲེལ་ཟབ་ཏུ་འགྲོ་བ་དང། ཆོལ་གསུམ་གཅིག་སྒྲིལ་ཡོང་བ་དང། བོད་མི་རིགས་ཀྱི་བླ་སྲོག་ཡུན་དུ་གནས་པ་སོགས་ཀྱི་ཁེ་ཕན་ཤིན་ཏུ་ཆེ་བའི་ཕྱག་རྗེས་བཟང་པོ་ཞིག་ཡིན་པ་ཤོད་མི་དགོས་མོད། འོན་ཀྱང་མཐོང་ཚུལ་ཞིག་ལ་ལས་དོན་དེ་ནི་འགྲུབ་དཀའ་བར་སྣང། མ་ཚད་ད་ལྟའི་མི་རིགས་ཀྱི་གནས་སྟངས་དང། བོད་པ་ཚང་གི་དར་རྒུད་འདི་ལ་ཞིབ་ཏུ་བསམ་ཚེ་གཏན་ནས་མི་འགྲུབ་པའི་བྱ་བ་ཞིག་རེད་སྙམ། ཆོལ་གསུམ་ཡུལ་གྲུ་ཀུན་ཏུ་འགྱུར་བ་རྒྱ་ཆེན་པོ་དེ་ལྟ་བུ་འགྲོ་དགོས་ན། དུས་ཡུན་རིང་པོ་དགོས་པ་བཤད་མི་དགོས་ལ། དུས་ཚོད་རིང་དྲགས་ན་ང་ཚོའི་མི་རིགས་ལ་ཉེན་ཁ་ཤིན་ཏུ་ཆེ། ཅིའི་ཕྱིར་ཞེ་ན། རང་ཅག་ཆོལ་ཁ་གསུམ་ལ་སྔོན་ནས་ད་བར་སྐད་ཟུར་བ་མང་ཙམ་ཡོད་རྐྱེན་དང། ཁྱད་པར་དེང་སྐབས་གཞིས་ལུས་སྤུན་ཟླ་རྣམས་རྒྱ་མི་འབྲེལ་འདྲེས་ཆེ་བ་དང། ཡུལ་གྱར་པ་རྣམས་རྒྱ་གར་སོགས་མི་རིགས་གཞན་དང་འབྲེལ་འདྲེས་ཤིན་ཏུ་མང་བ་དང། དེང་རབས་ཚན་རིག་ལག་རྩལ་སྣ་ཚོགས་ཀྱིས་བཅའ་དངོས་འདྲ་མིན་མང་དུ་ཕྱིན་སྟབས། དེ་དག་ལ་ང་རང་ཚོས་ཐ་སྙད་གསར་པ་མ་ཐོགས་པ་དང། ཁ་ཤས་བཏགས་པ་རྣམས་ཀྱང་མདོ་དབུས་ཁམས་གསུམ་སོ་སོའི་སྐད་གདངས་ལས་གཅིག་གྱུར་མེད། གསར་དར་གྱི་བཅའ་དངོས་རྣམས་ལ་མིང་མི་འདྲ་བ་མང་པོ་ཞིག་གི་སྐད་ཟུར་མི་འདྲ་བ་མ་ཟད་གཞན་སྐད་དང་མཉམ་དུ་བསྲེས་ནས་འབོད་པ་ལས། མདོ་དབུས་ཁམས་གསུམ་སོ་སོའི་ཕ་སྐད་སྙན་མོའི་རང་མདངས་གཙང་མ་འབོད་བཞིན་པའི་བོད་མི་རེ་ཟུང་ལས་མེད།

བོད་མི་རྣམས་ཀྱིས་རང་རང་དང་ཉེ་བའི་མི་རིགས་གཞན་གྱི་སྐད་དམ་ཐ་སྙད་རྣམས་བོད་སྐད་དང་ཤན་སྦྱར་དུ་སྨྲས་ཏེ།ད་གཟོད་ཡི་གེ་འབྲི་སྟངས་ཡང་མི་འདྲ་བར་གྱུར་ནས། བོད་མི་ནང་ཕན་ཚུན་གོ་བརྡ་མི་འཕྲོད་པ་དང། ཡི་གེ་བྲིས་པ་རྣམས་ཀྱང་དོན་མི་རྟོགས་པར་འགྱུར། ད་དུང་འབྱུང་འགྱུར་ཁ་བའི་ལས་དབང་སོགས་ལན་གཅིག་ཀྱང་བློ་ལ་ཤར་མ་མྱོང་བའི་བོད་མི་རིགས་ཀྱི་རྐང་འདྲེན། མི་རིགས་རང་གི་ལ་རྒྱའི་དྲི་ཙམ་ཡང་མི་བྲོ་བའི་བོད་སྐད་མི་ཤེས་པའི་བོད་མི་བླུན་པོའི་ཤ་ཚུགས་ཅན་ཡོད་པའི་གནས་ཚུལ་བྱུང། འདི་ནི་ཧ་ཅང་བློ་ཕམ་དང་ཡིད་སྐྱོ་དགོས་ཤིང་བོད་མི་རིགས་རང་ཉིད་ངོ་ཚ་དགོས་པའི་གནད་དོན་ཞིག། །བོད་པ་ཚང་གཞིས་ཆགས་ནས་བཟུང་བྱུང་མྱོང་མེད་པ་འདི་ཐེངས་དང་པོ་ཡིན། གོང་གི་གནད་དོན་དེ་དག་གིས་འུ་ཚོའི་མི་རིགས་ཁ་འཐོར་དུ་འགྲོ་བ་མ་ཟད། མི་རབས་འགའ་ཤས་ཀྱི་རྗེས་སུ་བོད་མི་རིགས་ཀྱི་ངོ་བོ་བརླགས་ནས་བོད་ཅེས་པ་མིང་ཙམ་དུ་འགྱུར་འགྲོ་བའི་ཉེན་ཁ་ད་ལྟ་ནས་འོང་བཞིན་ཡོད་དོ།

འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེར་གནས་པའི་སྐྱབས་དང་སྟོན་པ་གཅིག་པ། ཆོས་དང་རིག་གཞུང་གཅིག་པ། སྐད་དང་ཡི་གེ་གཅིག་པ། རིགས་དང་རུས་རྒྱུད་གཅིག་པ། ལས་དབང་དང་མདུན་ལམ་གཅིག་པ། འཚོ་གནས་དང་གོམས་སྲོལ་གཅིག་ཅིང། མཐུན་པའི་ལག་རྡང་གཅིག་ཏུ་སྦྲེལ་བའི་བོད་མི་རིགས་ཀྱི་བདེ་སྡུག་དང། ཕྱི་རབས་བོད་པའི་རྒྱུད་འཛིན་པ་རྣམས་ཀྱི་མདུན་ལམ་ལ་ཐུགས་གཞིག་གནང་བའི་ལ་རྒྱ་ཅན་གྱི་མཁས་བླུན་སེར་སྐྱ་ཕོ་མོ་ཡོངས་ལ་སྙིང་ཐག་པ་ནས་རེ་བའི་འབོད་སྐུལ་ཞིག་ཞུ་འདོད། གོང་གི་ལས་དོན་དེ་ལས་ཅུང་འགྲུབ་སླ་བ་མྱུར་དུ་ཁ་ཕན་ལག་ཕན་ཡོད་པའི་ཐབས་ཤེས་གཞན་ཞིག །དེང་སྐབས་འཛམ་གླིང་གང་སར་གནས་པའི་བོད་མི་ཕལ་ཆེ་བས་མི་རིཌ་གཞན་གྱི་ཐ་སྙད་ཅི་རིགས་པ་ཞིག་བོད་སྐད་དང་མཉམ་དུ་བསྲེས་ནས། རང་གཞན་གཉིས་ཀྱི་སྐད་དྲིལ་ནས་སྨྲ་བའི་གནད་དོན་འདིས། མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་མེད་པར་བཟོ་བའི་ཉེན་ཁ་དེ་ཉེན་ཁ་ཆེ་ཤོས་དང་བློ་ཚབས་ཆེ་ཤོས་ཤིག་ཡིན་པས། རང་རིཌ་ལ་ཆགས་ཞེན་ཆེ་ཞིང་ངེས་པ་དོན་གྱི་ལ་རྒྱ་འཛིན་མཁན་རྣམ་པས། མི་འགྱང་བར་ཤན་སྐད་དྭངས་གསལ་གྱི་ལམ་སྟེགས་ཐོག་མ་འདི་རུ་ཞུགས་ནས་ཕ་ཡུལ་གངས་ལྗོངས་གསར་བའི་གླིང་ག་ཞིག་འཛུགས་སྐྲུན་བྱེད་པ་ལ་ཐུགས་བསམ་བཟང་པོ་གནང་བའི་བཀའ་དྲིན་མི་ཆུང་བར་ཞུ་ཞུ།།

འབྲོང་གྲྭ་འཇམ་དབྱངས་ནོར་བུ།

 

 

རྩོམ་ཡིག་འདི་ཐེངས་ 9485 བཀླགས་འདུག

Related Articles