མི་རིགས་ཀྱི་སྐད་ཡིག་གླེང་བ།

མི་རིགས་ཀྱི་སྐད་ཡིག་གླེང་བ།

༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽

གངས་ཆབ་སིལ་མ།        

ལེགས་པར་བཤད་པའི་བང་མཛོད་མིན་ཡང་། །
གཟུར་གནས་བློ་གྲོས་གཤོག་པ་བརྐྱངས་ཏེ། །
དཀར་ནག་འདྲེས་མའི་གོ་རིམ་ཁྲོད་ནས། །
དབྱེ་འབྱེད་ལྡེ་མིག་བདག་གིས་སྟེར་འདོད། །

༡༽ བོད་ཀྱི་སྐད་ཡིག་དེ་ངེས་པར་དུ་སྦྱང་དགོས་པའི་སྐོར།
དང་པོ་ལ་བོད་ཀྱི་སྐད་ཡིག་དེ་ངེས་པར་དུ་སྦྱང་དགོས་སམ་ཞེ་ན། སྤྱིར་གོ་ལ་འདིའི་སྟེང་ལ་མི་རིགས་ཇི་སྙེད་ཅིག་ཡོད་པ་དེ་ཉིད་ལ་རང་གི་ངོ་བོ་མཚོན་པར་བྱེད་པའི་སྐད་དམ་ཡི་གེ་རེ་ཡོད་པ་བཞིན་བོད་ཁ་བ་ཅན་གྱི་མི་རིགས་དེ་ལ་ཡང་རང་སྐྱ་ཐུབ་པའི་ཕུལ་བྱུང་གི་སྐད་ཡིག་ཅིག་གདོད་མའི་མེས་པོའི་ངག་གི་རྩོལ་བ་ལས་བྱུང་སྟེ། ད་ལྟའི་བར་གངས་རིའི་མུ་ཁྱུད་ཀྱིས་བསྐོར་བའི་གོ་ལའི་ཡང་རྩེར་གནས་པའི་མི་རིགས་ཤིག་གི་ངོ་བོར་འཛིན་ཞིང་མཆིས།

དང་པོ།
སྐད་ཡིག་གི་ལོ་རྒྱུས། དེ་ལྟ་བུའི་སྐད་ཡིག་དེ་དུས་ནམ་ཞིག་ལ་བྱུང་ངམ་ཞེ་ན། ཡུལ་ཡར་ཀླུང་གཙང་པོའི་གཡས་གཡོན་ནས་གནའ་བོའི་སྤྲ་མི་རུ་བྱུང་ནས་ཡིད་ཀྱི ཀུན་སློང་ངག་ནས་སྨྲ་བརྗོད་ཐུབ་པའི་ཉིན་དེ་ནས་བཟུང་མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་བྱུང་ཞིང་། དེ་མཚོན་བྱེད་ཀྱི་གཟུགས་དེ་ཡོངས་གྲགས་ཏེ་ཡི་གེ་བཟོས་པ་ལྟར་ན་དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་བློན་པོ་ཐོན་མིས་རྒྱ་གར་གྱི་ཡིག་གཟུགས་ལ་དཔེ་མཛད་པ་ནས་བཟུང་སྒྲ་གཟུགས་གཉིས་ལྡན་གྱི་སྒྲ་གང་ཞིག་འབྲུ་རུ་ཆགས་ཞེས་པའི་ཡི་གེ་དེ་བྱུང་ཞིང་། ད་ལྟའི་བར་རྒྱལ་ཁབ་བམ་ཡང་ན་མི་རིགས་མང་པོ་ཞིག་གི་སྐད་ཡིག་ཁྲོད་ནས་སྔོན་ཐོན་གྱི་གྲས་སུ་ཚུད་ཅིང་།

གཉིས་པ།
བོད་ཡིག་གི་གོ་ས། སྐད་ཡིག་རང་ཉིད་ཀྱི་ངོ་བོ་དང་བྱེད་ལས་ཀྱི་ཆ་ནས་བཞག་ན་གོ་ས་མཐོ་ཤོས་དེ་ཡིན་པར་འདོད། ངོ་བོའི་ཆ་ནས་བཤད་ན་མིང་ཚིག་གི་རྣམ་གྲངས་ཕྱུག་ཅིང་བརྡ་དང་ཐ་སྙད་ཀྱི་བང་མཛོད་ལྟ་བུ་ཡིན་ཞིང་། དཔེར་ན། ཉི་མ་ལྟ་བུར་མཚོན་ན། རྟ་བདུན་དབང་པོ་དང་པད་མའི་གཉེན་སོགས་བཅུ་གྲངས་རེ་ཡོད་ཅིང་། བྱ་ཚིག་དང་དུས་གསུམ། བྱེད་འབྲེལ། བྱེད་མེད་སོགས་ཀྱི་འཐུས་སྒོ་ཚང་བའི་སྐད་ཡིག་ཅིག་ཡིན་ཞིང་། བྱེད་ལས་ཀྱི་ཆ་ནས་བཤད་ན། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཞེས་གསུངས་པ་ལྟར་བསླབ་པ་གསུམ་གྱི་གཞི་བོད་ཡིག་ནང་བཞིན་ཞིག་མི་རིགས་གཞན་གྱི་སྐད་ཡིག་གིས་འཛིན་མི་ཐུབ་པ་ནི་ཟུར་ལྟས་ལེབ་མཐོང་ལྟ་བུ་ཞིག་ཡིན་ནོ། །ད་ལྟའི་དུས་རབས་འདིར་མཚོན་ནའང་མི་རིགས་གཞན་གྱི་གཞུང་ལུགས་དང་གྲུབ་མཐའ། ཚན་རྩལ་རིག་པའི་མ་ལག་སོགས་ཅི་ཞིག་བོད་སྐད་ཀྱི་ནང་དུ་བསྒྱུར་རྒྱུ་ལ་ལོ་ཙཱ་བ་ཚད་ལྡན་མེད་པའི་དཀའ་ལས་མ་གཏོགས་བོད་ཀྱི་སྐད་ཡིག་གི་བརྡ་དང་ཐ་སྙད་བརྗོད་པ་སོགས་ཀྱིས་མ་འདངས་བའི་དཀའ་ངལ་རྩ་བ་ནས་མེད། གྲོ་དཀར་རྟ་ལ་རྒྱུགས་ཡོད་ན།། ཨ་ཆེན་ཐང་ལ་མཛད་མཐའ་མེད།།ཟེར་བའི་དཔེ་ལྟར་ཡིན། དཔེར་ན། ཚེར་མ་དར་བཏུམས། ཟུར་བལྟས་ལེབ་མཐོང་། དབྱུག་པ་ལེབ་རྡུང་།རྡོ་ཆག་བཙན་སྒྲིག་ལ་སོགས་པའི་དཔེ་ཆོས་དེ་དག་གིས་དོན་ཇི་ཞིག་མཚོན་པ་བཞིན་མི་རིགས་གཞན་གྱི་སྐད་ཡིག་གིས་མཚོན་པར་བྱེད་པ་དཀའ་མོ་ཡིན་ནོ།

གསུམ་པ།
སྐྱེ་གནས་ཀྱི་དམིགས་བསལ་ཁྱད་ཆོས། བོད་ཡིག་དེ་སྒྲ་བསྒྱུར་ཡི་གེ་ཞིག་ཡིན་ལ་དབྱངས་གསལ་སོ་བཞིའི་སྦྱོར་བ་ལ་བརྟེན་ནས་འཇིག་རྟེན་གྱི་ཐ་སྙད་ཡོད་དོ་ཅོག་སྒྲ་དོན་གཉིས་ཀྱི་ཐོག་ནས་ཆད་ལྷག་མེད་པར་བརྗོད་ཐུབ། མདོར་ན་དེང་སང་མི་འབོར་དང་དཔལ་འབྱོར་གྱི་ཆ་ནས་མི་རིགས་གཞན་གྱི་རྗེས་སུ་ལུས་སོང་བ་ལས་སྐད་ཡིག་གི་ཆ་ནས་མ་ཡིན་པར་ཚང་མས་མཁྱེན་གསལ་ལྟར་ཡིན། དེར་བརྟེན་འུ་ཅག་བོད་པ་ལ་མཚོན་ན་རྒྱ་མཚོ་འཁྲིས་ལ་བཞག་སྟེ།  ཀོ་གྱོང་མཆིལ་མས་སྦངས་ནས་བསྡད་པ་ལས། ནོར་བུ་རང་ལ་ཡོད་དུས་ནོར་ཉམས་ཆོད་པར་བྱས་ཏེ། མི་རིགས་ཀྱི་ངོ་བོ་དང་། ཚེ་སྲོག་འདུ་ཤེས་སོགས་བོད་མི་ཇི་སྲིད་གནས་པ་དེ་སྲིད་དུ་གནས་ཕྱིར་ཅིས་ཀྱང་བོད་ཡིག་སྦྱང་དགོས།

༢ བོད་ཀྱི་སྐད་ཡིག་སྦྱངས་ན་ཕན་ཐོགས་གང་ཡོད་དམ།
སྤྱིར་སྐད་ཡིག་གང་དང་གང་ཡིན་ཡང་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་ཡོད་པ་སྨོས་མེད་དུ་གྱུར་ཡོད། ལྷག་པར་དུ་ང་ཚོ་བོད་ཀྱི་སྐད་ཡིག་ལེགས་པར་ཤེས་ན་ཆོས་དང་འཇིག་རྟེན་གཉིས་ཀའི་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་པ་རང་ཉིད་ཀྱི་ལྟ་ཚུལ་རེད་ལ་དམ་པ་རྣམས་ཀྱི་ཞལ་གསུངས་ཀྱང་ཡིན།། དང་པོ་འཇིག་རྟེན་པའི་ལུགས་ལ་བོད་ཀྱི་སྐད་ཡིག་སྦྱངས་ན་ཕན་ཡོན་ཆེ་བའི་ཚུལ། རང་གི་མི་རིགས་དང་རང་གི་རིག་གཞུང་སོགས་སྲུང་སྐྱོབ་དང་རྒྱུད་འཛིན་བྱེད་པ་ལ་ངེས་པར་དུ་སོ་སོའི་སྐད་ཡིག་ལ་སྲུང་སྐྱོབ་བྱེད་དགོས་པ་རེད། དཔེར་ན་འཛམ་གླིང་འདིའི་ཐོག་ཏུ་རྒྱལ་ཁབ་འདྲ་མིན་སྣ་ཚོགས་ཡོད་ཀྱང་རང་གི་སྐད་ཡིག་ལ་བརྟེན་ནས་རང་གི་འཚོ་བ་སྐྱེལ་བཞིན་ཡོད། དེ་བཞིན་ང་ཚོ་བོད་མི་རིགས་ལ་མཚོན་ནའང་གདོད་མའི་དུས་ནས་ད་ལྟའི་བར་དུ་བོད་རང་གི་ཐུན་མོང་མ་ཡིན་པའི་སྐད་དང་། དེའི་རྗེས་སུ་སྲོང་བཙན་སྒམ་པོ་ནས་བཟུང་གཅིག་གྱུར་གྱི་ཡི་གེ་ཞིག་བྱུང་སྟབས། དེས་ང་ཚོའི་མི་རིགས་ཀྱི་ངོ་བོ་ཡང་དག་པ་མཚོན་ཡོད། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་<<འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ>>་ལས་འཆི་བའི་རྒྱུ་རྐྱེན་ངོས་བཟུང་བའི་སྐབས་སུ་ས་བཅད་གསུམ་གྱི་སྟེང་ནས་འཆད་དེ། ཕྱིའི་རྒྱུ་རྐྱེན་དང་། ནང་གི་རྒྱུ་རྐྱེན། སྐད་རིགས་རང་གི་ངོ་བོའི་རྒྱུ་རྐྱེན་གསུམ་མོ། དང་པོ་ཕྱིའི་རྒྱུ་རྐྱེན་ལ། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་རྣམས་ཡོད་པ་ལས་གོང་དུ་བཀོད་པའི་ས་བཅད་འདིའི་སྟེང་ནས་མི་རིགས་ཀྱི་སྐད་ཡིག་སྐྱེ་འཆིའི་་འགྲོ་སྟངས་དང་བསྟུན་ནས་སྟོན་ཡོད། དཔེར་ན་ཆབ་སྲིད་ཀྱི་རྒྱུ་རྐྱེན་མདོ་ཙམ་གླེང་ན། ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་དབང་དུ་བསྒྱུར་བྱའི་མི་རིགས་དེའི་སྐད་ཡིག་རྣམས་ཐབས་སྣ་ཚོགས་ལ་བརྟེན་ནས་མེད་པར་བཏང་སྟེ་རང་གི་སྐད་ཡིག་ཁྱབ་གདལ་གཏོང་བ་དེའོ་ཞེས་གསུངས་སོ།། དེས་ན་ང་ཚོ་བོད་མི་རིགས་ཀྱི་རིག་གཞུང་འཛིན་དགོས་ན་བོད་མི་རིགས་ཀྱི་སྐད་ཡིག་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས། བོད་མི་རིགས་ཀྱི་སྐད་ཡིག་དེ་བརླག་ན་བོད་མི་རིགས་ཟེར་བའི་ངོ་བོ་དེ་བརླགས་ཟིན་པས། སྔོན་བྱོན་མཁས་པ་ཚོས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་གསུངས་པ་དེའང་མི་རིགས་ཤིག་གི་རིག་གཞུང་ལ་ཐུག་ཡོད་པ་སྨོས་མེད་དུ་གྱུར་ཡོད།

གཉིས་པ་ཆོས་ཕྱོགས་ནས་བཤད་ནའང་སྐད་ཡིག་ལེགས་པོ་ཤེས་ན་ཕན་ཐོགས་ཡོད་པ་དངོས་ཤུགས་རྒྱུད་གསུམ་གྱིས་ཐོག་ནས་ཤེས་ཐུབ། སྤྱིར་བཏང་འཇིག་རྟེན་སྟེང་དུ་ཆོས་ལུགས་མང་པོ་ཡོད་ཀྱང་སངས་རྒྱས་པ་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་མེད་ཀྱི་ལམ་དུ་འགྲིམས་པའི་ཆོས་ལུགས་ཡང་དག་ཅིག་རེད། དེའང་ད་ལྟ་བོད་གངས་ཅན་གྱི་ལྗོངས་སུ་སོག་མ་ཆུ་ཡི་ལྦུ་བ་ལྟར་གནས་ཡོད་སྟབས། དེ་ཡང་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་ཐབས་ལ་འབད་དགོས་པ་ནི་མི་རིགས་རང་གི་ཕྲག་དུ་བབ་པའི་འོས་འགན་ཞིག་ཡིན་པ་རང་སྟོབས་ཀྱིས་ཤེས་ཐུབ། རང་ཅག་གི་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལའང་བོད་མི་རིགས་ཀྱི་སྐད་ཡིག་ཁོ་ན་ལ་རག་ལས་ཡོད་པ་ད་ལྟ་ང་ཚོས་མངོན་སུམ་དུ་གྲུབ་བོ། དེ་ལས་ལྡོག་སྟེ་ང་ཚོས་བོད་མི་ཕྱི་རབས་པ་ཚོས་མི་རེ་རེའི་ངོས་ནས་མ་བསྐུལ་དང་ལེན་གྱིས་རང་གི་སྐད་ཡིག་ལ་གཅེས་འཛིན་བྱེད་ཐུབ་ན་མི་རིགས་ཀྱི་ལ་རྒྱ་རེད་ལ་མི་རིགས་ཀྱི་རིག་གཞུང་ལ་སྲུང་སྐྱོབ་བྱེད་པའི་དཔའ་བོ་ཞིག་ཀྱང་རེད། མ་ཟད་ཕྲག་ཏུ་བབ་པའི་ལས་འགན་དེ་ཡང་དང་དུ་ལེན་ཐུབ་ཀྱིན་ཡོད། མ་ཧཱ་གྣན་དྷིས་ངས་སྒོ་དང་སྒེའུ་ཁུང་ཡོད་ཚད་ཕྱེ་ཡོད་ཀྱང་རླུང་ཤུགས་ཀྱིས་ངའི་ལུས་པོ་འདི་མི་འཁུར་བའི་གདེང་ཚོད་ཅིག་ང་ལ་ཡོད་ཅེས་གསུངས་ཡོད།

༣༽ བོད་ཀྱི་སྐད་ཡིག་མ་སྦྱངས་ན་སྐྱོན་ཇི་ཡོད་དམ།
བོད་མི་རིགས་མཚོན་པའི་སྐད་ཡིག་མ་ཤེས་ན་བོད་མི་རིགས་ཟེར་བའི་ངོ་བོ་དེ་བརླག་ཟིན་ཞིང་། གཞན་ལ་ངོམ་པ་དང་རང་གིས་སྐད་ཡིག་བཀོལ་སྤྱོད་བྱེད་པ་སོགས་མེད་པའི་སྐབས་དེ་ནས་བཟུང་ཁྱེད་ལ་མི་རིགས་ཟེར་པའི་མིང་དེའང་མེད་པར་གྱུར་ཡོད། གོང་དུ་བཤད་པ་ལྟར་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་གསུངས་པ་དེའང་དོན་མེད་ཉིད་དུ་གྱུར་ཏེ། བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་སྐད་ཡིག་མེད་པའི་ཕྱིར། <<ཝེར་སི་མི་རིགས་ཀྱི་གཏམ་དཔེ་>>ལས་"ཕ་སྐད་མེད་པའི་མི་རིགས་དེ།། རྣམ་ཤེས་མེད་པའི་མི་རིགས་ཡིན་"ཞེས་ཟེར།<< ཨོ་སི་ཐྲི་ལི་ཡའི་རྩོམ་རིག་པ་མ་ལོ་ཧྤོས།>>" ང་རང་གིས་སྨྲ་བའི་སྐད་འདི་མི་རྣམས་ཀྱི་ཁ་ནས་རིམ་པ་བཞིན་ནུབ་པར་འགྱུར་པ་འདི་ལ་བསམ་པའི་ཚེ་ན། ཤིན་དུ་དངངས་སྐྲག་གི་ཚོར་པ་ཞིག་འབྱུང་གིན་འདུག །ཚོར་བ་འདི་ང་རང་ཉིད་འཆི་བར་འགྱུར་བའི་ཚོར་བ་ལས་ཀྱང་རུས་པའི་གཏིང་དུ་ཟུག་སྟེ། གང་གི་ཕྱིར་ཞེ་ན། འདི་ནི་ང་རང་གི་མི་རིགས་འདི་ཐམས་ཅད་ཐུན་མོང་དུ་འཆི་བར་འགྱུར་པ་དང་དོན་གཅིག་ཡིན་པའི་ཕྱིར་རོ" ཞེས་ཟེར་ཞིང་། མདོར་ན་མི་རིགས་ཀྱི་སྐད་ཡིག་མི་ཤེས་པའི་མི་བུ་དེ་དག་ལ་རང་དང་གཞན་ཟེར་ཞིང་དགའ་སྐྱོ་ཆགས་སྡང་གི་རྣམ་པ་དང་བྲལ་ཏེ། ཅིའི་ཕྱིར་ན། མེས་པོ་གོང་མས་བཞག་པའི་ཕ་སྐད་མེད་པའི་མི་རིགས་ཤིག་ཡིན་ཕྱིར། དེ་ནི་འགུལ་བསྐྱོད་བྱེད་པའི་རྣམ་ཤེས་མེད་པའི་མི་བུ་ཞིག་ཡིན་པས་སོ། ད་དུང་བོད་རིགས་ཤིག་ཡིན་ཞིང་རང་གི་སྐད་ཡིག་མི་ཤེས་པའི་སྐྱོན་ནི་ལྷ་ཆོས་དང་མི་ཆོས་གང་གི་ཐད་ལ་སྐྱོན་མཐའ་མེད་ཉིད་དུ་འགྱུར་ཞིང་། ཡིན་ནའང་སྐབས་དོན་འདིར་ཡིག་ཚོགས་མང་བས་འཇིགས་ནས་རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱའོ། །

ཚེ་སྔོན་ཐོས་པ་བསགས་པའི་གཞུང་ལུགས་ཀྱིས། །
རྣམ་དཔྱོད་རྦ་རླབས་འཕྱུར་བའི་རྒྱ་མཚོའི་མཐར། །
མྱུར་མགྱོགས་བརྩོན་འགྲུས་གྲུ་གཟིངས་ལ་བརྟེན་ནས། །
ཕུགས་བསམ་རྒྱ་མཚོའི་མཐའ་རུ་བགྲོད་པར་ཤོག །

Related Articles