སྐྱབས་འགྲོ།

འཇམ་དབྱངས་མཁས་བཙུན།

སྙིང་དོན།

སྐྱབས་འགྲོ་ཞེས་པ་ནི་ཆོས་ལུགས་ཀྱི་བརྡ་ཆད་ཅིག་རེད། སྐྱབས་འགྲོ་ནི་ཆོས་ལུགས་རང་རང་གི་འཇུག་སྒོ་དང་པོ་དེ་ཆགས་ཡོད་པས། སྐྱབས་འགྲོའི་ཁྱད་པར་གྱིས་ཆོས་ལུགས་གང་ཞིག་གི་རྗེས་འབྲང་པ་ཡིན་མིན་ཐག་གཅོད་ཐུབ། རྩོམ་ཡིག་འདིའི་ནང་དུ་གཙོ་བོ་ནང་པའི་ཆོས་ལུགས་ཀྱི་སྐྱབས་འགྲོའི་སྐོར་གླེང་བར་བྱའོ། །འདི་ལ་ཡང་ཆོས་ལུགས་སྤྱི་བཤད་དང་། སྐྱབས་འགྲོའི་གོ་དོན། སྐྱབས་འགྲོའི་གནད་འགག །སྐྱབས་འགྲོའི་ཕན་ཡོན། མཇུག་གི་བསྡོམས་བཅས་དོན་ཚན་ལྔར་བགོས་ཡོད།

ཆོས་ལུགས་སྤྱི་བཤད།

འཛམ་བུ་གླིང་འདིའི་ཐོག་ཏུ་ཆོས་ལུགས་སྣ་ཚོགས་པ་ཞིག་ཡོད་ཅིང་། དེ་དག་ཀྱང་ལོ་རྒྱུས་སྨྲ་བ་རྣམས་ལྟར་ན་མི་ལོ་ ༧༠༠༠ ཙམ་གྱི་ཡར་སྔོན་ནས་ཆོས་ལུགས་ཀྱི་སྲོལ་ཐོག་མར་བྱུང་བར་སྨྲ་[1]ཞིང་། ཆོས་ལུགས་པའི་འདོད་པ་ལྟར་ན་མིའི་རིགས་ནི་ཐོག་མ་མེད་པ་ནས་བྱུང་བ་ཞིག་ཡིན་སྟབས་ཆོས་ལུགས་ཀྱི་བྱུང་མཚམས་ཀྱང་ཐོག་མ་མེད་པ་ཡིན་པས་སུས་ཀྱང་དུས་མཚམས་འཛིན་མི་ནུས་པ་དང་། ཡང་འཇིག་རྟེན་བཀོད་པ་པོ་འདོད་མཁན་རྣམས་ཀྱིས་ནི་སྣོད་བཅུད་ཀྱི་འཇིག་རྟེན་ཡོངས་རྫོགས་འཇིག་རྟེན་བཀོད་པ་པོ་ཞེས་བྱ་བ་ཞིག་གིས་བགྱིས་པར་སྨྲ་བཞིན་ཡོད། དོན་དངོས་ཐོག་མིའི་རིགས་ལ་ཐོག་མ་ཡོད་མེད་དང་། འཇིག་རྟེན་བཀོད་པ་པོ་ཡོད་མེད་སོགས་ཇི་ལྟར་ཡིན་རུང་། ཆོས་ལུགས་ཀྱིས་མིའི་རིགས་ཀྱི་འཚོ་བ་དངོས་ལ་མུན་པའི་ནང་གི་སྒྲོན་མེ་དང་། ལོང་བ་རྣམས་ཀྱི་དམིགས་བུ་དང་། སྡུག་བསྔལ་ཁྲོད་ཀྱི་བདེ་སྐྱིད་དང་། རེ་བ་དང་། ཡིད་ཆེས་དང་།


སེམས་ཤུགས་སོགས་ཀྱི་སྲོག་དབུགས་བསྩལ་ཡོད་པ་རེད། ད་ཆ་འཛམ་གླིང་གི་མི་འབོར་ཐེར་འབུམ་ ༨ བརྒལ་ཚར་ཡོད་ཅིང་། དེ་དག་ལས་ཐེར་འབུམ་ ༥་༨ ལྷག་ཆོས་ལུགས་ཁས་ལེན་མཁན་ཆགས་ཡོད་ལ། ཞིབ་འཇུག་པ་རྣམས་ཀྱིས་ཕྱི་ལོ་ ༢༠༥༠ མཚམས་སུ་ཆོས་ལུགས་ཁས་ལེན་མཁན་གྱི་མི་གྲངས་དུང་ཕྱུར་ ༨་༡ ལ་འཕར་སྲིད་པའི་ཚོད་དཔག་བྱས་ཡོད། རྗེས་འབྲང་པའི་གྲངས་འབོར་ཐོག་ནས་ཁྱབ་ཆེ་ཤོས་ཡེ་ཤུ་དང་། དེའི་རྗེས་ཁ་ཆེ་དང་། ཧིན་དྷུ། ནང་ཆོས་བཅས་ཡིན་པས། ནང་ཆོས་རྗེས་འབྲང་པའི་གྲངས་འབོར་ཧ་ཅང་མཐོན་པོ་མིན་ན་ཡང་། ནང་ཆོས་ཀྱི་བདག་མེད་པ་དང་། སྟོང་པ་ཉིད་དང་། རྟེན་འབྲེལ་དང་། མི་རྟག་པ་དང་། བདེན་པ་བཞི་ལ་སོགས་པའི་ཐུན་མོང་མིན་པའི་ལྟ་གྲུབ་དེ་དག་གིས་འཛམ་གླིང་གི་ཤེས་ལྡན་མི་སྣ་མང་པོ་ཞིག་གི་བློ་ཡིད་བཀུག་ཡོད་ལ། དངོས་ཁམས་ཚན་རིག་གི་ཤིང་རྟ་ཆེན་པོ་སློབ་དཔོན་ཨན་སི་ཊན་མཆོག་(༡༨༧༩-༡༩༥༥)གིས། གལ་ཏེ་དེང་དུས་ཀྱི་ཚན་རིག་གི་དགོས་མཁོ་སྐོང་ཐུབ་པའི་ཆོས་ལུགས་ཤིག་ཡོད་ཚེ། དེ་ནི་ནང་པའི་ཆོས་ལུགས་འདི་ཆགས་ཡོད། ཅེས་གསུངས་ཡོད་པ་རེད། དེས་ན་ནང་ཆོས་འདི་ལ་དམིགས་བསལ་ཟབ་ཁྱད་དང་། དམིགས་བསལ་གོ་སྐབས། དམིགས་བསལ་མདུན་ལམ་ཡོད་ལ། དེའི་ནང་ནས་ཀྱང་བོད་བརྒྱུད་ནང་བསྟན་འདིའི་ཟབ་ཁྱད་ལ་བརྒྱུད་པ་གང་གིས་ཀྱང་འགྲན་དུ་མེད་པས། འདི་ནི་བོད་མི་རིགས་ཀྱི་གཅེས་ནོར་བླ་ན་མེད་པ་ཞིག་ཏུ་གྱུར་ཡོད།

སྐྱབས་འགྲོའི་གོ་དོན།

ང་ཚོ་མི་སུ་འདྲ་ཞིག་ཡིན་ན་ཡང་སོ་སོའི་འཚོ་བའི་ཁྲོད་དུ་དགའ་སྐྱོ་ཆགས་སྡང་གི་རིམ་པ་མང་པོ་ཞིག་ཡོད་པ་ནི་མྱོང་བས་གྲུབ་ཅིང་། དགའ་སྐྱོ་ཆགས་སྡང་དེ་དག་ཀྱང་ཉིན་ནས་ཟླ་དང་། ཟླ་ནས་ལོ་བསྟུད་དེ་འཁོར་ལོ་འཁོར་བ་ལྟར་རེས་མོས་ཀྱིས་ཡོང་གི་ཡོད། འོ་ན་ང་ཚོ་ལ་གཏན་དུ་འགྱུར་བ་མེད་པའི་བདེ་བ་མཐར་ཐུག་པ་ཞིག་མེད་པ་གང་ཡིན་ནམ། ང་ཚོ་ལ་སྡུག་བསྔལ་སྣ་ཚོགས་པ་ཞིག་ཡོང་གི་ཡོད་པ་འདི་དག་གཏན་ཟད་དུ་འགྲོ་རྒྱུ་མེད་པ་གང་ཡིན་ནམ། འདི་ལྟ་བུའི་དྲིི་བ་དང་མངོན་འདོད་ལ་བརྟེན་ནས། མི་རྣམས་ཀྱིས་སྡུག་བསྔལ་འདི་དག་ལས་སྐྱོབ་པའི་ནུས་པ་སུ་ལ་ཡོད་མེད་དཔྱོད་པར་བྱེད་ཅིང་། དཔྱད་ཅིང་བརྟགས་པའི་མཐར་སོ་སོའི་རྣམ་དཔྱོད་དང་། སོ་སོའི་སྤྱི་ཚོགས་རྒྱབ་ལྗོངས། སོ་སོའི་ཤེས་ཚད་ལ་སོགས་པའི་གནས་སྟངས་མང་པོ་ཞིག་ལ་བརྟེན་ནས་སྡུག་བསྔལ་མཐའ་དག་འཇོམས་པའི་མགོན་སྐྱབས་དང་། བདེ་བ་མཐའ་དག་སྒྲུབ་པའི་དཔུང་གཉེན་རེ་ལ་ཡིད་ཆེས་བྱེད་ཅིང་། དེ་ལྟར་སྡུག་བསྔལ་ལ་འཇིགས་པ་དང་མགོན་སྐྱབས་ལ་ཡིད་ཆེས་གཉིས་ལ་བརྟེན་ནས་མགོན་སྐྱབས་དེ་ལ་སྙིང་ཐག་པ་ནས་བློ་གཏད་རེ་བཅོལ་བྱེད་པ་ལ་སྐྱབས་སུ་འགྲོ་བ་ཞེས་བྱའོ། །དེ་ནི་སྐྱབས་འགྲོའི་སྤྱི་དོན་ཙམ་ཡིན་ཞིང་། ཆོས་ལུགས་རང་རང་གི་ལྟ་གྲུབ་ཀྱི་ཟབ་ཚད་ལ་བརྟེན་ནས་སྡུག་བསྔལ་གྱི་ངོས་འཛིན་དང་། མགོན་སྐྱབས་ཀྱི་ངོ་བོ་འཇོག་སྟངས་ལ་ཁྱད་པར་ཤིན་ཏུ་ཆེའོ། །

སྐྱབས་འགྲོའི་གནད་འགག

ཆོས་ལུགས་ཁག་གི་རྗེས་འབྲང་པ་རྣམས་ལ་གོས་སློག་གི་བཟོ་དབྱིབས་དང་ཚོན་མདོག །ཕྱག་དང་མཆོད་པ་བྱེད་སྟངས། ཁ་འདོན་དགེ་སྦྱོར་བྱེད་སྟངས། ཐ་ན་ཉིན་རེའི་འགྲོ་འདུག་སྤྱོད་གསུམ་ལ་ཁྱད་པར་སྣ་ཚོགས་པ་ཞིག་ཡོད་ན་ཡང་། དེ་དག་ནི་ཆོས་ལུགས་རང་རང་གི་ཕྱིའི་མཚོན་དོན་ཙམ་ཞིག་རེད། ཆོས་ལུགས་ཀྱི་ཁྱད་པར་ནི་མཐར་གཏུགས་ན་སྐྱབས་འགྲོའི་ཐོག་ནས་འབྱེད་དགོས[2]། ནང་པའི་ཆོས་ལུགས་ལྟར་ན། འཁོར་བ་དང་ངན་སོང་གི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་ནུས་པ་ཡོངས་སུ་རྫོགས་པ་མངའ་བ་ནི་སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་པ་སུ་ལ་ཡང་མེད་ཅིང་། དཀོན་མཆོག་གསུམ་པོ་དེ་ལས་གཞན་པའི་ལྷ་དང་སྲུང་མ། མི་དང་མི་མ་ཡིན། རི་དང་ནགས་ཚལ། ཉི་མ་དང་ཟླ་བ་སོགས་གང་ལ་སྐྱབས་སུ་སོང་ཡང་དེ་དག་ནི་ནང་པ་སངས་རྒྱས་པའི་གྲལ་ལ་ཚུད་མེད་པ་རེད། རྒྱུ་མཚན་ནི་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་དཀོན་མཆོག་གིས་འཁོར་བ་པ་ཡོངས་ལ་སྡུག་བསྔལ་གཏན་ནས་ཟད་པར་བྱེད་པའི་གྲོལ་ལམ་མ་ནོར་བ་སྟོན་ནུས་ཤིང་། དགེ་འདུན་དཀོན་མཆོག་གིས་ནི་སངས་རྒྱས་དཀོན་མཆོག་གིས་ཇི་ལྟར་བསྟན་པའི་ལམ་ལ་མ་ནོར་བར་འཁྲིད་པའི་གྲོགས་མཛད་ལ། ཆོས་དཀོན་མཆོག་གིས་དངོས་སུ་སྡུག་བསྔལ་ཞི་བའི་སྤོང་གཉེན་བྱེད་པ་ལྟར། ཕྱི་རོལ་པའི་སྐྱབས་མགོན་དེ་དག་ལ་ནུས་པ་དེ་དག་གི་ཟུར་ཙམ་ཡང་མེད་པ་རེད། མེད་པའི་ཚུལ་ནི་སྡུག་བསྔལ་ལག་གིས་བསལ་ཏེ་བདེ་བ་ལག་གིས་སྦྱིན་པའི་འཇིག་རྟེན་བཀོད་པ་པོ་ཞིག་ཡོད་ན་ང་ཚོས་སྡུག་བསྔལ་ཅིའི་ཕྱིར་མྱོང་དགོས་ཏེ་མི་དགོས་སོ། །འཇིག་རྟེན་པའི་ལྷ་སྲུང་དེ་དག་ནི་སོ་སོ་སྡུག་བསྔལ་གྱི་འདམ་དུ་ལྷུང་བས་གཞན་སྒྲོལ་བའི་མགོན་སྐྱབས་ཇི་ལྟར་འོས། རི་དང་ནགས་ཚལ་གྱིས་ནི་ས་ཡོམ་ལྟ་བུའི་འབྱུང་བའི་འཇིག་པ་ཙམ་ལས་ཀྱང་རང་ཉིད་ཐར་བར་མི་ནུས་ན་འཁོར་བའི་འཕྲུལ་འཁོར་ཆེན་མོ་ལས་འགྲོ་བ་རྣམས་ཇི་ལྟར་སྒྲོལ། དེས་ན་སྐྱབས་འགྲོ་ནི་ཆོས་ལུགས་རང་རང་གི་འགག་རྩ་ཆགས་ཡོད།

དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་བོད་མི་མང་པོ་ཞིག་ཡུལ་དང་སྤྱི་ཚོགས་གང་སར་ཁ་བྲལ་དུ་གནས་ཡོད་པས། དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་རྒྱུན་དུ་འཚོ་བའི་ཁྲོད་དུ། Oh my God! དང་། Rest in peace དང་། God bless you ཞེས་པ་ལ་སོགས་པའི་བརྗོད་ཚུལ་སྣ་ཚོགས་ཤིག་ལ་གོམས་འདྲིས་ཐེབས་འདུག །འདི་དག་ནི་སོ་སོ་ལམ་དང་ལུགས་སྲོལ་གཞན་དག་ཏུ་འགྲོ་བཞིན་པའི་སྔ་ལྟས་ཡིན་པས། རང་མི་རིགས་ཀྱི་ཆོས་དང་རིག་གཞུང་གཙིགས་ཆེར་འཛིན་འདོད་ན་འདི་དག་ལ་གཟབ་ནན་གནང་དགོས་པ་གནད་འགག་ཤིན་ཏུ་ཆེའོ། །

སྐྱབས་འགྲོའི་ཕན་ཡོན།

འཇིག་རྟེན་འདིར་ཆོས་བྱེད་མཁན་དང་མི་བྱེད་མཁན་གཉིས་ལས་བྱེད་མཁན་མང་ཞིང་། མི་བྱེད་མཁན་གྱི་ཁྲོད་ནས་ཆོས་ལུགས་ལ་དགག་པ་རྒྱག་མཁན་དང་མི་རྒྱག་མཁན་གཉིས་ཀྱི་ནང་ནས་མི་རྒྱག་མཁན་མང་བ་ཡོད། དེ་དག་གི་རྒྱུ་མཚན་ནི་ཆོས་ལུགས་ཀྱི་སྐྱབས་འགྲོ་ལ་བརྟེན་ནས་མི་རྣམས་ལ་རེ་བ་བཟང་པོ་དང་། བློ་སྟོབས་ཆེན་པོ། ཕན་པའི་བསམ་པ། ཞི་བདེ་བག་ཕེབས་སོགས་ཡོང་གི་ཡོད་པས་རེད། ནང་པའི་ཆོས་ལུགས་ཐོག་ནས་བཤད་ན། སྐྱབས་འགྲོ་ནམ་སྐྱེས་པ་ནས་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་ཅིང་། དེ་ལ་བརྟེན་ནས་སྡིག་ལྟུང་གི་རི་བོ་ཕྱེ་མར་འཐག་ལ། ལས་བཟང་སྣ་གཅིག་བྱས་པ་ཚུན་ཆད་ཀྱང་ཤིན་ཏུ་སྟོབས་ཆེ་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་འཐོབ་པ་ལ་ཡང་ཐག་མི་རིང་བའི་ཚད་དུ་བསླེབས་པ་ཡིན།[3] དེས་ན་བློ་དང་ལྡན་པ་དག་གིས་སྟོན་པ་བླ་ན་མེད་པ་སངས་རྒྱས་བཅོམ་ལྡན་འདས་དང་། སྐྱོབ་པ་བླ་ན་མེད་པ་དམ་པའི་ཆོས། འདྲེན་པ་བླ་ན་མེད་པ་འཕགས་པའི་དགེ་འདུན་གསུམ་ལ་དུས་རྟག་ཏུ་བསྟེན་པར་རིག་གི །འདི་དག་ལས་གཞན་པའི་སྐྱབས་མགོན་ཞིག་འཚོལ་བ་ནི་རང་ཉིད་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་ལས་ཐག་ཇེ་རིང་ནས་ཇེ་རིང་དུ་འགྱུར་བ་ཡིན་པས། སྐྱབས་ཡུལ་མ་འཕྱུག་པ་གནོངས་ཤིག །[4]

མཇུག་གི་བསྡོམས།

འདི་ལྟར་སྐྱབས་འགྲོའི་སྐོར་གོ་གང་བདེར་བརྗོད་པ་འདི་ནི་དེང་སྐབས་ཀྱི་མི་རྣམས་སོ་སོ་ངོ་མི་ཤེས་ཤིང་། སོ་སོ་གང་ནས་ཡོང་བ་དང་། གང་དུ་འགྲོ་བ་མི་ཤེས་པར་མུན་ནག་ཏུ་ལྷུང་བའི་ངང་ཚུལ་ལས་གྲོལ་བའི་ཆེད་དུ་བྱས་པ་ཡིན་པས། སྐལ་བ་དང་ལྡན་པ་འགའ་ཞིག་ལ་ཕན་ཐོགས་ན་འདི་ལྟར་བགྱིས་པའི་བསོད་ནམས་གང་ཞིག་བསགས་པ་དེ། ལྷག་བསམ་རྣམ་པར་དག་པའི་དར་ཆེན་འཕྱར། །བརྩོན་འགྲུས་ལྷོད་པ་མེད་པའི་རླུང་གིས་བསྐྱོད། །ཐོས་བསམ་སྒོམ་པའི་གྲུ་གཟིངས་ལེགས་བསྡམས་ནས། །ལུས་ཅན་འཁོར་བའི་མཚོ་ལས་སྒྲོལ་བར་ཤོག །[5] ཅེས་ཇི་ལྟར་སྨོན་པ་དེ་ལྟར་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་མཉམ་མེད་ཤཱཀྱ་སེངྒེའི་རིང་ལུགས་ཀྱི་བཙུན་གཟུགས་འཛིན་པ་འཇམ་དབྱངས་མཁས་བཙུན་གྱིས་ཕྱི་ལོ་ ༢༠༢༢ ཟླ་བ་༡༡ ཚེས་ ༠༨ ལ་སྦྱར་བ་དགེའོ། །

 

[1]          མི་ལོ་ ༧༠༠༠ སྔོན་ནས་མིའི་ཕུང་པོ་དུར་འཇུག་བྱེད་སྐབས་ཕུང་པོ་དང་མཉམ་ཅ་དངོས་སྦས་པའི་ལམ་ལུགས་ཡོད་པ་ཤེས་རྟོགས་བྱུང་བར་བརྟེན་སྐབས་དེ་དུས་ནས་ཀྱང་ཆོས་ལུགས་ཀྱི་སྲོལ་ཡོད་པར་འདོད།

[2]          ༸གོང་ས་ཏཱ་ལའི་བླ་མ་བཅུ་བཞི་པ། ནང་ཆོས་ངོ་སྤྲོད། (An Introduction to Buddhism. New Delhi: Paljor Publication, 2509 B.E.) ཤ༡༢ ལས། གལ་ཏེ་བསམ་བློའི་འཁྱེར་སོ་ཡང་དག་པ་མ་ཡིན་ཞིང་བསམ་བློ་གཏོང་སྟངས་མ་ཤེས་ན་མི་ཚེ་གང་པོར་དགོན་པར་བསྡད་ནས་དཔེ་ཆ་བཀླགས་ཀྱང་མཇུག་འབྲས་གང་ཡང་ཡོང་གི་མ་རེད། ཐོག་མར་གལ་ཆེ་ཤོས་དེ་ནི་བསམ་བློའི་འཁྱེར་སོ་ཡང་དག་པ་དགོས་རྒྱུ་དེ་རེད།

[3]          བསྟན་འགྱུར་དཔེ་བསྡུར་མ། དབུ་མ་ཁི། ཨཱརྱ་ཤཱུ་ར། ཕར་ཕྱིན་བསྡུས་པ། ཤ༡༥༨༥་༡༧ ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །སྟོང་གསུམ་འདི་ཡང་སྣོད་དུ་ཆུང་། །

[4]          མཐོ་བཙུན་གྲུབ་རྗེ། ཁྱད་པར་འཕགས་བསྟོད། ཚ༦༠ ལས། ལྗོན་ཤིང་བཟང་པོ་རྣམས་སྤངས་ནས། །ངན་པ་ལ་ནི་སུ་ཞིག་བརྟེན། །འདོད་ཆགས་བྲལ་བརྙེས་ཁྱོད་བཞུགས་ན། །མཁས་པ་སུ་ཞིག་སྟོན་གཞན་འདུད། །

[5]རྗེ་ཙོང་ཁ་པ། ཐོག་མཐའ་མའི་སྨོན་ལམ། ཚ༡༡

Related Articles