ཤྲི་ལང་ཀར་བསྐྱོད་པའི་ཟིན་ཐོ།

དགེ་བཤེས་ལྷ་རམས་པ་ངག་དབང་བསྟན་པ།

ཕྱི་ལོ་༢༠༢༡ཟླ་༡༢ཚེས་༡༩ཉིན་ཤྲི་ལང་ཀ་རུ་འབྱོར། དེར་རཱ་ནིལ་(Ranil)ཞེས་པ་ཞིག་གིས་རོགས་ཡག་པོ་བྱས་བྱུང། ཀོ་ལོམ་སྦོ་(Colombo)གནམ་ཐང་ནས་ཨ་ནུ་རཱ་དྷུ་པུ་ར་(Anuradhapura)བར་ལེ་དབར་(kilometer) ༢༠༠ཙམ་ཡོད་ཀྱང་འཁོར་ཆུང་གླ་མེད་བཏང་སོང་། ཁོས་དེ་སྔོན་ཤྲི་ལང་ཀ་རུ་ཕེབས་མྱོང་བའི་སི་ཀིམ་མཱ་ཧིན་ཌ་(S.Mahinda)ཡི་ངོ་སོ་ཡིན་ཟེར། སི་ཀིམ་མཱ་ཧིན་ཌ་ནི་མི་རིགས་བོད་པ་དང་། ཕྱི་ལོ་༡༩༠༡ལོར་སྒང་ཐོག་(Gangtok)ཏུ་འཁྲུངས་ཤིང་། ཕྱི་ལོ་༡༩༥༡ལོར་ཤྲི་ལང་ཀ་རུ་གྲོངས། ཁོང་ཆུང་དུས་ནས་ཤྲི་ལང་ཀ་རུ་སོང་སྟེ་གྲྭ་པ་བྱས། ཤྲི་ལང་ཀ་དབྱིན་ཇིའི་འོག་ཏུ་ཡོད་སྐབས་རང་བཙན་འཐབ་རྩོད་པ་དང་། སྙན་ངག་པ། རྩོམ་པ་པོ་སོགས་བྱས་རྗེས་ཅན་ཞིག་རེད་ཟེར། ཀློག་པ་པོ་རང་ཉིད་ཁོང་ལ་རྒྱུས་མངའ་བྱ་འདོད་ཡོད་ན། གོང་དུ་བཀོད་པའི་ཁོང་གི་མིང་དེ་དབྱིན་ཡིག་ཏུ་བྲིས་དང་། དྲ་ཐོག་ལས་ཁོང་གི་བརྩམས་ཆོས་ག་ཚོད་དགོས་ནའང་རག་ཐུབ། མི་རིགས་བོད་པ་ཡིན་པས་ལུང་པ་དེར་བོད་པ་ལ་དགའ་བོ་བྱེད་མཁན་མང་པོ་ཡོད།

 

སི་ཀིམ་མཱ་ཧིན་ཌ་བཞུགས་ས་གཙོ་བོ་ཤྲི་ལང་ཀ་ཡི་རྒྱལ་ས་ཀོ་ལོམ་སྦོ་(Colombo)རེད། ང་ཨ་ནུ་རཱ་དྷུ་པུ་རཱར་ཟླ་བ་གཅིག་མིན་ཙམ་བསྡད། ཡུལ་དེ་ཤྲི་ལང་ཀ་ཡི་དཀྱིལ་བྱང་ཕྱོོགས་སུ་ཆགས། ཤྲི་ལང་ཀ་ཡི་རྒྱལ་ས་རྙིང་པར་གྲགས། ལུང་པ་དེར་ཚ་བ་ཤིན་ཏུ་ཆེ། ང་དེར་འགྲོ་སྐབས་དབྱར་དུས་ཆར་པ་གཏོང་གི་ཡོད་ཀྱང་། ཉིན་གཉིས་གསུམ་རིང་ཆར་པ་མ་བཏང་ན། མཚན་ལ་གྲང་གློག་སོགས་མེད་ན་གཉིད་ཁུག་ཁག་པོ་བྱེད་ཀྱི་གདའ། ལུང་པ་དེ་དང་རྒྱ་གར་གཉིས་དབྱར་དགུན་གོ་ལྡོག་པ་འདྲ་བོ་ཡོད། ཕྱི་ལོའི་སྔོན་གྱི་དུས་རབས་གསུམ་པར་རྒྱལ་པོ་ཨ་ཤོ་ཀ་ཡི་སྲས་མཱ་ཧིན་ཌ་(Mahinda)གཙོ་འཁོར་བཅུ་གཅིག་ཙམ་གྱིས་ཤྲི་ལང་ཀ་རུ་ནང་ཆོས་ཐོག་མར་དེ་ནས་སྤེལ་བར་གྲགས། དེ་ཡང་གནས་བརྟན་སྡེ་པའི་ཆོས་བརྒྱུད་ཡིན། མཱ་ཧིན་ཌ་སོགས་གཙོ་འཁོར་བཅུ་གཅིག་གནམ་ནས་འཕུར་ཡོང་སྟེ། དེར་བབས་པའི་ལོ་རྒྱུས་ཡོད། ཁོང་ཚོ་འབབ་ས་རེད་ཟེར། རྡོ་སྐས་མང་པོ་འཛེག་དགོས་པའི་བྲག་རི་མཐོན་པོ་ཞིག་མཇལ་རྒྱུ་ཡོད། མ་ཟད་དེར་རྒྱལ་པོ་ཨ་ཤོ་ཀ་ཡི་སྲས་མོས་ཁྱེར་ཡོང་བ་རེད་ཅེས་པའི་བྱང་ཆུབ་ལྗོན་ཤིང་ཆེན་པོ་ཞིག་ཡོད། ཡལ་ག་ལ་གསེར་རྩི་ཅན་གྱི་ཀ་བ་མང་པོ་བརྒྱབ་ཡོད། ཡུལ་མིས་དེ་གསེར་དངོས་རེད་ཅེས་ཟེར། དེར་ཡུལ་མི་ཀུན་གནས་མཇལ་ཡོང་དར། བོད་མི་ཀུན་ལྷ་སའི་ཇོ་བོ་མཇལ་བར་འགྲོ་དགོས་པའི་ལྟ་གྲུབ་དང་གཅིག་པ་རེད། གནས་དེར་སླེབས་སྐབས་ཚོར་བ་སྐྱིད་པོ་འདྲ་ཞིག་ཡོད། སྒོམ་རྒྱག་མཁན་དང་། མདོ་སྐྱོར་མཁན། སྐོར་ར་འགྲོ་མཁན་སོགས་ཧ་ཅང་མང། བོད་བརྒྱུད་ནང་བསྟན་ཉམས་བཞེས་གནང་མཁན་རྣམས་ཀྱིས་མཆོད་རྟེན་སྐོར་བ་བརྒྱབ་པ་ལྟར་གྲངས་སོགས་གསོག་མི་དར། དེར་དུས་རབས་བརྒྱད་པའི་ནང་དུ་རྒྱ་གར་ནས་ཡོང་བའི་གྲྭ་པ་གཉིས་དང་། རྒྱ་ནག་ནས་ཡོང་བའི་གྲྭ་པ་བཅས་ཀྱིས་ཐེག་ཆེན་དར་བར་བྱས་པའི་ལོ་རྒྱུས་ཡོད། མ་ཟད་དེར་རྒྱ་ཡི་གྲྭ་པས་བཞེངས་པའི་མཆོད་རྟེན་ཆེན་པོ་གཅིག་འདུག །དེའི་སྒོ་ཁར་ཉེ་ཆར་ལོ་ཤས་སྔོན་དེར་རྒྱ་ནག་གཞུང་གིས་འགྲོ་སོང་བཏང་ནས་རྒྱ་ཡི་གྲྭ་པ་དེའི་སྐུ་བརྙན་གཅིག་ཀྱང་བཞེངས་ཡོད། ཡུལ་དེར་དགོན་པ་ཕལ་ཆེ་བའི་ཉེ་འཁོར་ལ་བྱང་ཆུབ་ལྗོན་ཤིང་རེ་དང་། སངས་རྒྱས་དང་དགྲ་བཅོམ་པའི་རིང་བསྲེལ་ཡོད་ཅེས་པའི་མཆོད་རྟེན་རེ་མཇལ་རྒྱུ་ཡོད། གནས་བརྟན་སྡེ་པ་རྣམས་རིང་བསྲེལ་ལ་དད་མོས་ཆེན་པོ་རེད་དོ། །ཨ་ནཱུ་རཱ་དྷ་པུ་རཱ་ཞེས་པ་དེ་གྲོང་གསེབ་འདྲ་ཞིག་ཡོད་ཀྱང་། དེར་དགོན་པ་བཅུ་གྲངས་ཡོད་ཀྱི་རེད། དགོན་པ་ཞེས་པ་ང་ཚོའི་དགོན་པ་དང་མི་འདྲ། གྲྭ་པ་ལྔ་དྲུག་ཅན་གྱི་དགོན་པ་མང་མོད། དེར་གྲྭ་པའི་མཐོ་སློབ་གཅིག་ཀྱང་ཡོད། སློབ་གྲྭ་དེའི་ནང་དུ་དེང་དུས་སློབ་སྦྱོང་ཡག་པོ་ཡོད་ས་རེད། ནང་ཆོས་རང་གི་སློབ་སྦྱོང་ག་འདྲ་ཡོད་མེད་དཔྱད་རྒྱུར་སྣང།

ཕྱི་ལོ་༢༠༢༠ཟླ་༡་ཚེས་༡༤ལ་ཁིན་ཌིས་(Kandy) དུ་འབྱོར། ལུང་པ་དེ་ཤྲི་ལང་ཀ་ཡི་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེ་ཤོས་ཤིག་ལ་བརྩི་ཡི་ཡོད། ཀོ་ལོམ་སྦོ་(Colombo) ནས་ཁིན་ཌིས་བར་ལེ་དབར་(Kilometers)༡༤༢ཡོད། དེར་མེ་འཁོར་བརྟེན་ནས་འགྲོ་ཆོག །གནས་དེ་ཡུལ་སྐོར་འགྲོ་ས་གཙོ་བོ་ཞིག་རེད། གྲོང་ཁྱེར་གཙང་མ་དང་གནས་མཇལ་འགྲོ་ས་ཕྱོགས་ཡོངས་ནས་ཡག་པོ་ཡོད། མི་མང་པོས་ཁིན་ཌིས་ཀྱི་གནམ་གཤིས་དབྱར་དགུན་མེད་པར་ཆར་འབབ་པ་དང་། དེ་ཡང་ཆར་ཞོད་ཆེན་པོ་མེད་པ། དུས་བཞིའི་དབྱེ་བ་མེད་པ། འཛམ་གླིང་ནང་ནས་ལུང་པ་སྐྱིད་ཤོས་གཅིག་ལ་ངོས་འཛིན་བྱེད་མཁན་ཡང་གདའ། གྲོང་ཁྱེར་དེ་ནི་རི་ཡིས་བསྐོར་བསྡད་པ་འདྲ་བོ་ཞིག་འདུག །ལུང་པ་དེར་ཇ་ཞིང་ཧ་ཅང་རྒྱ་ཆེན་པོ་རེད། མ་གཞི་ནས་ཤྲི་ལང་ཀ་ཡི་ཡུལ་དུ་ཐོན་ཁུངས་ཡག་ཤོས་ཇ་དང་། ཡོང་འབབ་གཙོ་བོ་ཡུལ་སྐོར་བ་ལས་འབྱུང་གི་ཡོད། ཉེ་བའི་ལོ་ཤས་ནང་ཏོག་དབྱིབས་ནད་ཡམས་ཀྱིས་རྐྱེན་པས་ཡུལ་སྐོར་བ་དེ་ཙམ་མེད་ནས། ལུང་པ་འདིར་ཟས་གོས་སོགས་ཕྱོགས་ཡོངས་ནས་རིན་གོང་འཕར་ཏེ་དཀའ་ངལ་ཆེན་པོ་ཞིག་འབྱུང་བཞིན་ཡོད། གྲོང་ཁྱེར་གྱི་མདུན་དེར་རྒྱུགས་ཆུའམ། འཁྱིལ་ཆུ་ཆེན་པོ་ཞིག་ཡོད། དེ་ནི་གྲོང་ཁྱེར་གྱི་རྒྱན་ཆ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད། ཤྲི་ལང་ཀ་ལ་ཡུལ་སྐོར་ཕྱིན་ན་ཁིན་ཌིས་ལ་འགྲོ་ཤར་ཤར་རེད། གཙོ་བོ་ཡུལ་དེར་སངས་རྒྱས་ཤཱཀྱ་ཐུབ་པའི་ཚེམས་ཀྱི་རིང་བསྲེལ་གྱི་མཆོད་རྟེན་ཞིག་མཇལ་རྒྱུ་ཡོད། ལྷ་ཁང་དེ་དུས་ནམ་ཡིན་ལ་འཚང་ཁ་ཡོད། རིང་བསྲེལ་དང་མཆོད་རྟེན་གཉིས་མཆོད་སྒྲོམ་གཅིག་གི་ནང་དུ་བཅུག་ནས་དངོས་སུ་མཇལ་ཁ་མི་གཏོང་། མཆོད་སྒྲོམ་མདུན་དེ་ནས་ཡར་མཇལ་སྐབས་མཆོད་རྟེན་གྱི་པར་ཞིག་མཐོང་རྒྱུ་ཡོད།

ལྷ་ཁང་དེའི་ཟུར་དུ་ཆོས་ལུགས་ཀྱི་འགྲེམ་སྟོན་ཁང་ཞིག་འདུག །དེར་ལྷོད་ལྷོད་བྱས་ཏེ་མཇལ་ཁ་ཞུས་ན། བལྟ་ཡག་མང་པོ་ཡོད། ནང་པའི་ལུང་པ་སོ་སོའི་རིག་གཞུང་དང་མཐུན་པའི་སྟོན་པའི་སྐུ་དང་། གནས་ས་རི་ཁྲོད་གལ་ཆེ་བའི་པར་དང་འདྲ་སྐུ་མཆོད་རྟེན་དེའི་དུས་ཚིགས་སོགས་མཇལ་རྒྱུ་ཡོད། དཔེར་ན། བོད་པ་ལ་ཆ་བཞག་ན། དེར་ཆོས་བརྒྱུད་བཞི་ཡི་མ་དགོན་ཁག་གི་པར་དང་། དེ་གཞན་བོད་པའི་ཐུན་མིན་གྱི་མཆོད་ཆས་འགའ་མཇལ་རྒྱུ་ཡོད། དེ་ནི་རྒྱ་ནག་གི་འགྲེམ་སྟོན་ཁང་ཞེས་པ་དེའི་ནང་དུ་བཅུག་ཅིང་། ཁང་པ་ཟུར་དུ་འདྲ་བོ་ཞིག་བྱས། འགྲེམ་སྟོན་ཁང་དེ་སྐད་གྲགས་གང་འཚམ་ཡོད་འདུག །འབྲུག་པའི་འགྲེམ་སྟོན་ཁང་གི་ནང་དུ་ཐང་ག་སོགས་མཆོད་རྫས་རིན་ཐང་ཅན་འགའ་མཐོང་། ལྷ་ཁང་དེ་ནས་ལེ་དབར་གསུམ་མམ་བཞི་ཙམ་སོང་ན། སྐད་གྲགས་ཧ་ཅང་ཆེ་བའི་ནང་པའི་དཔེ་སྐྲུན་ཁང་ཞིག་ཡོད། ནང་པའི་པར་འགྲེམ་ཚོགས་པ་(Buddhist Publication Society) པར་ཁང་དེ་ཆུང་ཆུང་ཞིག་ལས་མེད་ཀྱང་། དེ་ལས་དབྱིན་སྐད་ཐོག་གནས་བརྟན་སྡེ་པའི་གསུང་རབ་སྤུས་དག་རག་གི་ཡོད་ཙང་སྐད་གྲགས་བྱུང་བ་རེད་ཟེར། ལོ་རྒྱུས་ལ་དཔྱད་པ་རེ་བྱས་ན། སྟོན་པ་ཤཱཀྱ་ཐུབ་པའི་ཡ་ཚེམས་ཀྱི་མཆེ་བ་དེ་རྒྱ་གར་ནས་བཟའ་ཚང་གཉིས་ཀྱིས་ཁྱེར་ཡོང་བར་གྲགས། བཟའ་མི་གཉིས་ཀྱི་འདྲ་གཟུགས་ཤིག་ལྷ་ཁང་དེའི་མདུན་དུ་ཡོད། ཚེམས་དེ་ལྷ་ཁང་དེའི་ནང་དུས་ག་དུས་བཞག་ཡོད་མེད་སོགས་གསལ་ཁ་མེད་པ་འདྲ། འོན་ཀྱང་དུས་རབས་༡༦དང་༡༧ནང་ཤྲི་ལང་ཀ་རུ་སངས་རྒྱས་ཀྱི་བསྟན་པ་ལ། པཱུར་ཆུ་གྷིས་དང་(Portuguese) ཌ་ཆི་(Dutch) ཧིན་དྷུ་ཏཱ་མིལ་(Hindu Tamil)སོགས་ཀྱི་དགྲ་མང་དུ་བྱུང་ཡོད་ཀྱང་། སྐབས་དེ་དུས་ཉར་ཐུབ་པ་ནི་བློ་ཡུལ་ལས་བརྒལ་བ་ཞིག་རེད་ཅེས་ཤོད་ཀྱི་འདུག།

དོགས་སློང་། ཚེམས་དེ་ལྷ་ཁང་དེའི་ནང་དུ་དུས་ག་དུས་བཞག་མིན་སོགས་གསལ་ཀ་མེད་ན། རྒྱ་གར་ནས་ཡོང་བ་ཡིན་ཞེས་ལབ་ཅིང་ཚེམས་དེ་འབུལ་མཁན་གྱི་བཟའ་མི་གཉིས་རྒྱ་གར་ལས་ཡོང་བའི་དཔང་རྟགས་དང་། སོ་དེ་སངས་རྒྱས་ཀྱི་ཚེམས་ཡིན་པའི་སྒྲུབ་བྱེད་བཙལ་ན་ཁག་ཙམ་བྱེད་ས་རེད། བཤད་ཚད་དོན་ལ་གནས་པ་བསྒྲུབ་ཁག་ཀྱང་། དེ་མ་ཡིན་པའི་སྒྲུབ་བྱེད་དེ་བས་ཁག །ཕྱོགས་གཉིས་ཡང་ལྕི་སྡོམ་ཞིག་བརྒྱབ་པས་ན། ཡིན་པར་བཞག་ནས་མ་ཡིན་དཔྱད་པར་ཞུ།

ཕྱི་ལོ་༢༠༢༢ཟླ་༡ཚེས་༣༠། ཁན་ཌིས་(Kandy)ནས་ལེ་དབར་ཁ་ཤས་ལས་མེད་པའི་སར་སྦར་མའི་(Myanmas)གྲྭ་པ་ཁ་ཤས་དང་སྦང་ལ་དྷི་ཤིའི་(Banladesh)གྲྭ་གཅིག་བཅས་མཉམ་དུ་སིན་གྷ་རཱ་རྗ་(Sangaraja)ཡི་ཁང་པར་གནས་སྐོར་སོང་། སིན་གྷ་རཱ་རྗ་ནི་དུས་རབས་བཅོ་བརྒྱད་པའི་སྨད་དུ་བྱུང་ཟེར། དེར་རྒས་པོ་ཞིག་འདུག །ཁོ་ནི་སིན་གྷ་རཱ་རྗའི་མི་རབས་དགུ་པ་ཡིན་ཟེར། ཁོང་གིས་བཤད་པའི་ལོ་རྒྱུས་རྣམས་ཉན་སྐབས་། བྱུང་རབས་དེ་མགོ་ཉོག་པོ་འདྲ་བྱུང་། ཁག་གཅིག་ཤྲི་ལང་ཀ་ལ་པོར་ཆུ་གྷས་(Portugal)དབང་བསྒྱུར་བྱེད་པའི་སྐབས་སུ་གྲྭ་པ་མེད་པ་བཟོས་ནས་སྡོམ་རྒྱུན་ཆད་པར་འདོད། དེའི་རྗེས་སུ་སིན་གྷ་རཱ་རྗས་རང་བྱུང་གི་གྲྭ་པ་བྱས་ཏེ་ཐ་ལན་ཌི་(Thailand)ལུང་པར་སོང་ནས་དེའི་གྲྭ་པ་ཞིག་ཆགས་པར་འདོད། རྗེས་སུ་དེས་སྡོམ་རྒྱུན་སྤེལ་བའི་བཤད་སྲོལ་གཅིག་འདུག །འདོད་པ་དེ་ལྟར་ན་ཤྲི་ལང་ཀར་དགེ་སློང་གི་སྡོམ་རྒྱུན་གསུམ་ཡོད་པར་འདོད། གསུམ་གང་ཞེ་ན། ཤམ་ཎིས་གྷ་ཡ། རཱ་མ་ཎིས་གྷ་ཡ། ཨ་ནུ་མ་རཱ་ཏ་ཎིས་གྷ་ཡ་བཅས་སོ། །གཉིས་འབར་མ་ནས་བྱུང་བ་དང་། གཅིག་ཐ་ལེན་ནས་བྱུང་བར་འདོད། ཐ་ལེན་ནས་བྱུང་བ་དེ་ཁོས་སྤེལ་བ་རེད་ཅེས་ལབ་སྲོལ་གདའ། གང་ལྟར་གནས་བརྟན་སྡེ་པ་རྣམས་ཀྱིས་མི་ཚང་དེའམ། གནས་དེ་གལ་ཆེན་པོ་བརྩི་ཡི་ཡོད།

ཤྲི་ལང་ཀ་ཡི་གྲྭ་པའི་གོས་ལ་ཁ་དོག་མི་འདྲ་བ་ཁ་ཤས་ཡོད། སྔོན་དུས་སུ་དགོན་པའི་གྲྭ་པ་རྣམས་གོས་དམར་སྨུག་དང་། གྲོང་དུ་བཞུགས་མཁན་རྣམས་ཀྱི་གོས་སེར་པོ་འདྲ་བོ་གྱོན་གྱི་ཡོད་ཀྱང་། དེང་སང་གི་དུས་ལ་ཁྱད་མེད་དུ་གྱུར་ཟིན་པའི་ལོ་རྒྱུས་འགའ་ཡོད། སྡོམ་རྒྱུན་མི་འདྲ་བ་ཁ་ཁ་དང་། དེའི་བར་ལ་རྩོད་པ་ཡོད་པ་རྒྱུན་ལྡན་རེད་ཟེར། གནས་དེར་རི་ཞིག་ངོས་སུ་བྲག་ཁུང་ཆེན་པོ་གཅིག་ཡོད། དེའི་ནང་དུ་སངས་རྒྱས་ཚེམས་ཀྱི་རིང་བསྲེལ་བཞུགས་པའི་མཆོད་རྟེན་དུས་རིང་པོ་སྦས་ནས། རྗེས་སུ་ནང་ཆོས་སླར་དར་བའི་སྐབས་སུ་མར་ཁིན་ཌིས་ལ་གདན་འདྲེན་བྱས་པའི་བཤད་སྲོལ་ཡང་ཡོད། བྲག་ཁུང་ཡོད་སའི་ལྷ་ཁང་དེའི་ནང་ནས་ཉིན་གུང་བསོད་སྙོམས་བཟས། གནས་བརྟན་སྡེ་པའི་དགེ་སློང་གི་རྗེས་སུ་སོང་ཡང་། ད་དུང་འགྲོ་སྟངས་དང་འདུག་སྟངས། ཟ་སྟངས་དང་འཐུང་སྟངས་སོགས་དོ་རྫོགས་གྲབས་མང་པོ་བྱས། དེང་སང་ལུང་པ་འདིར་གྲྭ་བ་མར་གྲོང་དུ་བསོད་སྙོམས་ལེན་པར་ཕེབས་པའི་ལུགས་སྲོལ་མེད། ཟླ་རེའི་ནང་དུ་མི་ཚང་རེས་མོས་བྱས་ཏེ། ལྷ་ཁང་ཉེ་འཁོར་དུ་ཡོད་པའི་གྲོང་པ་རྣམས་ཀྱིས་བསོད་སྙོམས་ཡར་འབུལ་ཡོང་། སྤྱིར་གནས་བརྟན་སྡེ་པའི་གྲྭ་བ་ལ་ཤ་བཟའ་རྒྱུར་བཀག་སྡོམ་མེད་ཀྱང་། བསོད་སྙོམས་ལ་ཤ་མེད་ཡིན། འབར་མ་ཡིན་ན་བསོད་སྙོམས་ཤ་ཡོད་འབུལ་བའི་ལུགས་སྲོལ་ཡོད་འདུག

ཕྱི་ལོ་༢༠༢༢ཟླ་༢ཚེས་༥ལ་དགོན་པ་གཅིག་གི་ནང་དུ་སོང་། དམིགས་ཡུལ་དགོན་དེའི་གྲྭ་པ་གཅིག་རྫོང་གི་གཞུང་ཞབས་པའི་ལས་ཀ་མཐོན་པོ་ཞིག་རག་པའི་མཛད་སྒོ་རེད། སྤྱིར་ལུང་པ་འདིར་གྲྭ་བ་ཁག་གཅིག་སློབ་སྦྱོང་ཡག་པོ་དང་ལག་འཁྱེར་མཐོན་པོ་ཡོད་པས། གྲྭ་པ་གཞུང་ཞབས་པ་མང་པོ་ཡོད་ཟེར། ལོ་ཤས་སྔོན་དེར་སྲིད་བློན་འོས་ཀྱི་འགྲན་རྩོད་ནང་དུ་གྲྭ་པ་བཞི་མཉམ་ཞུགས་བྱས་པའི་ལོ་རྒྱུས་ཀྱང་ཤོད་ཀྱི་གདའ། གྲོང་ངམ། ནགས་གསེང་དུ་སྡོད་མཁན་གྲྭ་པ་རྣམས་སློབ་སྦྱོང་གང་ཡང་མེད། དེ་ཡང་དེང་དུས་དང་། སྲོལ་རྒྱུན་གཉིས་ཀ་རེད། མ་གཞི་དགོན་རེ་རེའི་ནང་དུ་གྲྭ་པ་ལྔ་དྲུག་ལས་མཉམ་གནས་བྱེད་མི་དར། གནས་བརྟན་སྡེ་པའི་དགེ་སློང་རྣམས་ཕྱི་དྲོའི་ཟས་མི་མཆོད་ཀྱང་། ཉིན་གུང་ཡོལ་ནས་རྩམ་ཐུག་འདྲ་བོ་ཞིག་མཆོད་དར། དེའི་ནང་དུ་སོ་རྒྱག་རུང་གི་ཟས་མེད་ཀྱང་། དེ་གར་པོ་བོད་ཀྱི་རྩམ་ཐུག་ནང་བཞིན་རོ་བཅུད་ནུས་པ་ལྡན་པ་ཞིག་ཡོད། དེ་བས་དགོང་བཅད་བྱས་ཀྱང་དཀའ་ངལ་ཆེན་པོ་ཡོང་བཟོ་མ་མཐོང་། དེ་གྲྭ་པ་ཀུན་གྱིས་མཆོད་ཀྱི་ཡོད་མེད་དང་། དགོན་པ་ཚང་མའི་ནང་དུ་དེ་ལྟར་ཡོད་མེད་ཁུངས་ཆོད་པ་ཞིག་ཤེས་མ་སོང་། བཏུང་བྱ་དེ་འདུལ་བ་དང་མཐུན་པ་ཞིག་ཡིན་ངེས། འོན་ཀྱང་འདུལ་བ་ལྟར་ན་ཕྱི་དྲོའི་བཏུང་བྱ་རྣམས་ཚགས་དགོས་པར་གསུངས་ཡོད། དེ་ཚགས་ནང་དུ་འགྲོ་ཁག་ཙམ་བྱ་ས་རེད། གནས་བརྟན་སྡེ་པའི་དགེ་སློང་རྣམས་ཤ་མཆོད་རྒྱུ་བཀག་འགོག་མེད་པས། མཛད་སྒོ་དེ་འདྲའི་སྐབས་སུ་ཤ་འབུལ་གྱི་ཡོད། མ་གཞི་ནས་ལུང་པ་དེར་ཁྱད་མཚར་ཞིག་ཡོད། ཁྱིམ་པ་རྣམས་ཤ་བཟའ་རྒྱུ་ལ་དགའ་བོ་བྱེད་ཀྱི་མེད། སེམས་ཅན་གྱི་སྲོག་ལ་གནོད་པས་ཟེར། མ་ཟད་ཁྱིམ་ཤ་གཅོད་མཁན་མང་པོ་རེད། དེས་གྲྭ་པ་ཤ་ཟ་མཁན་ལ་གནོན་ཤུགས་ཤིག་ཡོང་སྡོད་ཀྱི་འདུག

ཕྱི་ལོ་༢༠༢༢ཟླ་༢ཚེས་༨། ཁ་སང་གནས་བརྟན་སྡེ་པའི་གྲྭ་པ་གཅིག་དང་ཁ་བརྡ་བྱས། ཁོང་གིས་ང་ལ་དྲི་བ་འདི་འདྲ་ཞིག་བཏང་། ཁྱོད་འདི་ནས་ཕར་ལོག་སྐབས་སུ་ག་པར་འགྲོ་གི་ཡིན་ཟེར། ལན། ང་ཧ་ལམ་སེ་ར་དགོན་ལ་འགྲོ་དགོས་མིན་འགྲོ་ཞུས། ཁོང་གིས། ཁྱོད་ཀྱི་སྐད་ཆ་དེ་ཐག་མ་ཆོད་པའི་བཟོ་འདྲ་ཞིག་འདུག །མ་གཞི་ནས་ཁྱོད་རང་གི་ཅ་དངོས་ག་པར་བཞག་ཡོད་ན་དེར་འགྲོ་གི་རེད་པ་ཟེར། ངས། ང་ལ་དམིགས་བསལ་ཅ་དངོས་ཤིག་མེད། གང་ཡོད་པ་དེ་ང་རང་གིས་ཁྱེར་ཡོད། སེ་ར་དགོན་ནས་ཕྱི་ལོ་༢༠༡༥ལོར་ཐོན། ང་སོང་རྗེས་སུ་དེབ་ཁ་ཤས་ཤིག་ལྷག་ཡོད། དེ་ཡང་རིན་གོང་ཆེན་པོ་དང་། མི་རག་པའི་དངོས་པོ་གང་ཡང་མ་རེད། ངའི་སློབ་དེབ་རེད། དེ་རྣམས་གྲོགས་པོ་ཞིག་གི་ཁང་པའི་ནང་དུ་བཞག་ནས། ཐོན་ཁར། ང་ཚུར་ལོག་བྱུང་ན། བེད་སྤྱོད་གཏོང་གི་ཡིན། མ་ལོག་ན། གཞན་ལ་སྤྲད་ན་འགྲིགས་ཞེས་ལབ་ཡོད། དེ་མ་གཏོགས་ང་སོང་རྗེས་སུ་ཅ་དངོས་གང་ཡང་ལྷག་མེད་ཅེས་ཞུས། ཁོས། འོ་ན། ཁྱོད་ཀྱི་ཅ་དངོས་ཡོད་ཡོད་མེད་མེད་ལག་སྒམ་(suit-case)དེའི་ནང་དུ་ཡོད་དམ་ཟེར། ངས། རེད། དེའི་ནང་དུ་ཡོད། དེ་ཡང་གྲྭ་ཆས་ཆ་གཅིག་དང་། ཉལ་ཆས་གཅིག །དགའ་འཁྱིལ་ཁ་ཤས་ཡོད། ལྷམ་གོག་ཆ་གཅིག་ཡོད་ཅེས་ཞུས། ཁོ་ཧང་སངས་མདོག་གི་རྣམ་པ་དང་བཅས། དེ་ལྟར་ན་ཁྱོད་རང་བྱ་བྲལ་བ་ཞིག་རེད་འདུག་ཟེར། ངས། རྐང་བཙུགས་ནས་བྱ་བྲལ་སོང་བ་མིན་ཡང། གདན་སའི་གྲྭ་པ་རྣམས་འདི་འདྲ་རེད་ཅེས་ལབ། ཁོང་གིས་ཚང་མའི་གནས་བབས་ཁྱོད་དང་འདྲ་བོ་རེད་དམ་ཟེར། ངས། ཧ་ལམ་བརྒྱ་༨༠རེད། འགའ་ཤས་སྤྱི་ཁང་མིན་པར་སོ་སོ་ལ་དག་པའི་ཁང་པ་ཡོད་ཙང། ཕྱི་ལ་ཐོན་པའི་སྐབས་སུ་སོ་སོའི་ནང་དུ་ཅ་དངོས་ལྷག་ཡོད། གཞན་རྣམས་སོ་སོ་ག་པར་སོང་ན། ནང་ཆས་ཚང་མ་ཁུར་ནས་བསླེབ་ཡོང་གི་རེད་ཅེས་ཞུས། ཁོང་བགད་མོ་ཤོར་བཞིན། གནས་བརྟན་སྡེ་པའི་དགེ་སློང་རྣམས་ཀྱི་གནས་བབས་དེ་འདྲ་རང་མ་རེད་ཟེར། འོ་ན་ཕར་ལོག་སྐབས་ལྟོ་ཇི་ལྟར་བྱ་དགོས་ཟེར། ངས། དཀའ་ངལ་ཡོད་མ་རེད། དགོན་པས་སྤྲད་ཡོང་། ཉལ་ཁྲི་གཅིག་དང་གདན་གཅིག །ཐབ་ཆས་གཅིག་ག་པར་ནས་གཡར་ནའང་རག་གི་རེད། ལུགས་སྲོལ་དེ་ཡག་པོ་མི་འདུག་གམ་ཞུས་པས། དེ་ཡང་ཡག་པོ་འདུག་ཟེར། ཕྱི་ཉིན་ཁོང་རང་གི་ངོ་དེབ་ཐོག་བོད་པའི་གྲྭ་པ་ཞེས་པའི་ཁ་བྱང་བྲིས་ནས་ང་སྤྲང་པོ་ཡིན་པའི་སྐོར་མང་པོ་ཞིག་བྲིས་འདུག །ཁོའི་དྲ་གྲོགས་རྣམས་ཀྱིས་དེ་ལ་ཉིན་མ་གཅིག་གཉིས་མཆན་བཏབ་སོང་། ཁོང་ཚོ་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་ལ་ལྟ་སྟངས་འདི་འདྲ་ཡོད། ཉིན་ཞིག་གནས་བརྟན་སྡེ་པའི་ཆོས་བརྒྱུད་འཛིན་མཁན་གྲྭ་པ་མང་པོ་ཞིག་མཉམ་དུ་གནས་སྐོར་སོང་། ནམ་རྒྱུན་ང་གནས་བརྟན་སྡེ་པའི་འདུལ་བ་ལ་རྒྱུས་མངའ་བྱ་ཆེད་འདིར་ཡོང་བ་ཡིན་ཞེས་ལབ་པས། ཉིན་དེར་ཁ་ཤས་ཀྱིས། བོད་པ་ལ་འདུལ་བ་ཡོད་དམ་ཟེར། ངས། ཡོད་པ་ཙམ་མིན་པར་དགེ་སློང་གི་བསྲུང་བྱ་ཁྲིམས་༢༥༣ཡོད་ཅེས་ལན་བཏབ་རྗེས་སུ། འོ་ན་ང་ཚོའི་མཐོང་སར་བོད་པའི་བླ་མ་ཆོས་འཆད་མཁན་འགའ། མནའ་མ་ལེན། ཕྲུ་གུ་པང་། གྲྭ་ཆས་གྱོན་ནས་སྡོད་མཁན་མང་པོ་ཞིག་འདུག །དེ་རྣམས་ལ་འདུལ་བ་ལྟར་ན་འགྲེལ་བཤད་ཇི་ལྟར་བྱ། ཡང་ན་དེ་རིག་མ་བསྟེན་པའི་དོན་ཡིན་ནམ། མ་གཞི་ནས་རིག་མ་བསྟེན་ཞེས་པའི་གོ་དོན་དང་། དེ་བསྟེན་པ་ལ་ས་མཚམས་ཡོད་དམ། ཡང་ན་གྲྭ་ཆས་གྱོན་ན་འགྲིགས་སམ་ཞེས་དྲིས། ངའི་ལན། སྤྱིར་བོད་ལ་ཆོས་བརྒྱུད་མང་པོ་ཡོད། ང་དགེ་ལུགས་ཀྱི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན། ངས་དེ་གཞི་ལ་བཞག་ནས་འགྲེལ་བཤད་རྒྱག་འདོད་ཅེས་ལབ་ཅིང་། གསང་སྔགས་ཉམས་ལེན་བྱེད་མཁན་ལ་རིག་མ་བསྟེན་ཞེས་པའི་ཐ་སྙད་ཅིག་ཡོད་ངེས་རེད། འོན་ཀྱང་། དེ་ལག་བསྟར་བྱེད་པ་ལ་ཐིག་ལེ་ཡར་འདྲེན་བྱེད་ཐུབ་པའི་སྤང་རྟོགས་བསླེབ་དགོས། དེ་མེད་པར་ཕྲུ་གུ་པང་འདུག་ན། རྫུན་མ་རེད། རིག་མ་བསྟེན་ནའང་གྲྭ་ཆས་གྱོན་ཆོག་པའི་གནང་བ་སུ་གཅིག་གིས་སྤྲད་མེད། གྲྭ་ཆས་ནི་གྲྭ་པའི་གོས་ཡིན་པ་ཙམ་མ་གཏོགས་ནུས་པ་ཆེ་ཆུང་དང་། རྟོགས་པ་མཐོ་དམན་ལ་འབྲེལ་སྤུ་ཙམ་ཡང་མེད་ཅེས་ལན་བཏབ་ནས་གནས་སྐོར་དུ་སོང་། ཡང་ང་ཚོ་དང་མི་འདྲ་བར་གནས་བརྟན་སྡེ་པའི་གྲྭ་པ་རྣམས་རྒན་གཞོན་གུས་བཀུར་ཧ་ཅང་ཆེ། དང་པོ་ཐུག་མ་ཐག་ཏུ་དབྱར་གནས་ཚར་ག་ཚད་སྡོད་མྱོང་ཞེས་འདྲི་གི་རེད། དེ་ལ་གཞིགས་ནས་གྲྭ་པ་རྒན་གཞོན་བརྩི་ཡི་ཡོད། ང་ཚོའི་གོམས་གཤིས་ལ་དགེ་ཚུལ་དང་བར་མ་རབ་བྱུང་བྱས་ནས་དགོན་དུ་སྡོད་ཆོག་པས། དེ་ནས་བརྩིས་ནས་ལན་བརྒྱབ་ན་ནོར་བ་རེད། ཁོང་ཚོས་དེ་ཚོ་དགོན་ནང་དུ་ལས་ཀ་བྱེད་མཁན་ཙམ་ལ་ངོས་འཛིན་བྱེད་ཀྱི་ཡོད། དགེ་སློང་བསྒྲུབས་ནས་ཞེས་དྲིས་པ་ཤེས་དགོས་སོ། །ཡང་སྡོམ་པའི་སྐོར་ཐེག་ཆེན་རྒྱ་མིའི་རིགས་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་ལྟར་ན། དགེ་སློང་ཐེངས་མ་བདུན་སྒྲུབ་ཆོག་ཀྱང། དགེ་སློང་མ་ལ་སྡོམ་པ་སླར་བྱིན་པ་ཚར་གཅིག་རང་རེད། དཔེར་ན། རྒྱ་མི་ཝི་ནམ་ཐེ་ཝན་སོགས་སོ། །འབར་མ་སོགས་གནས་བརྟན་སྡེ་པར་དགེ་སློང་ཚར་ག་ཚད་བསྒྲུབས་ན་འགྲིགས་ཀྱང་། གྲྭ་པ་ཐེངས་གཅིག་ལོག་ན། ཡང་བསྐྱར་གསར་དུ་བསྒྲུབ་དགོས་པས། གྲྭ་པ་རྒན་པ་མིན་པ་ཁ་ཆེ་བྱེ་བྲག་སྨྲ་བ་དང་མཚུངས། གྲྭ་བ་ཐེངས་གཅིག་ལོག་ན་ཡང་བསྐྱར་བསྒྲུབས་ན་མི་མང་གི་མཐོང་ཚུལ་དེ་ཙམ་ཡག་པོ་མེད་པས། གྲྭ་བ་རྣམས་ཇི་སྲིད་འཚོ་བསྐྱང་འདྲ་བོ་རེད། འོན་ཀྱང་གནས་སྐབས་གྲྭ་པ་ཡོད་ཀྱང་། དེ་ལ་རིན་ཐང་དེ་ཙམ་མེད། ཁྱིམ་པ་རྣམས་སོ་སོའི་ཚོགས་གསོག་ཆེད་གྲྭ་པ་ཚར་མང་པོ་བྱེད་སྲོལ་ཡོད་དོ། །ཡང་སྦྱིན་བདག་གིས་བསོད་སྙོམས་གདན་འདྲེན་བྱེད་སྐབས་སུ་ཞལ་ལག་རྒྱས་པ་ཞིག་འབུལ་སྲོལ་གདའ། དེ་དང་མཉམ་དུ་གོས་འགའ་འབུལ་གྱི་རེད། ཟས་མཆོད་གྲུབ་རྗེས་སུ་སྦྱིན་བདག་ཆེད་དུ་མདོ་སྐྱོར་དགོས། དེ་ནས་ཆོས་འཆད་དགོས། ཆོས་དེ་ཡང་སངས་རྒྱས་ཀྱི་སྐྱེས་རབས་འདྲ་བོ་དང་། རྣམ་ཐར་འདྲ་བོ་རེད། གཙོ་བོ་དགེ་འདུན་ལ་བསྙེན་བཀུར་བྱས་པའི་ཕན་ཡོན་གྱིས་སྦྱིན་བདག་བདེ་འགྲོ་དང་། ཁམས་གོང་མར་སྐྱེ་བ། དགྲ་བཅོམ་པའི་གོང་འཕང་ཐོབ་ཚུལ་སོགས་འཆད་ཀྱི་གདའ། བསོད་སྙོམས་མཆོད་གྲུབ་རྗེས་སུ་ཆོས་འཆད་མཁན་ཡོད་ན། དགེ་སློང་གྲལ་རིམ་ལྟར་འཆད་དགོས། ཚེ་འདས་སོགས་ཀྱི་ཆེད་དུ་ཡིན་ན། མཐར་སྦྱིན་བདག་གིས་བསྔོ་སྨོན་དང་། དགེ་སློང་རྣམས་ལ་ཐུགས་རྗེ་ཆེ་ཡི་རྣམ་པའི་ཚུལ་དུ་ཡར་ལངས་ནས་ཚིག་འགའ་འདོན་དགོས། ཡང་གནས་ཚུལ་འདི་འདྲ་ཞིག་ཡོད། ང་སྡོད་སར་ལུང་པ་མང་པོའི་གྲྭ་པ་འཛོམས་ཡོད། མ་གཞི་ནས་ཁོང་ཚོ་ཕི་རཱ་ཌི་ནིས་ཡཱ་(Peradeniya)མཐོ་སློབ་ཏུ་སློབ་སྦྱོང་བྱེད་མཁན་ཡིན། ཁོང་ཚོས་བཤད་པ་ལྟར་ན། དེང་སང་ཝི་ནམ་དུ་གྲྭ་གྲངས་དྲུག་སྟོང་ཙམ་དང་། འབར་མ་ལ་འབུམ་གསུམ། ཤྲི་ལང་ཀ་ལ་སུམ་སྟོང་ཡན་མན་སྐད་ཆ་བཤད་ཅིང་། གནས་བརྟན་སྡེ་པའི་སྐོར་ལ་ཉམས་ཞིབ་བྱ་འདོད་ན། འབར་མ་རུ་འགྲོ་དགོས། རེད་དེ། དེང་སང་དམག་འཁྲུག་དང་། ཡུལ་དེར་དབྱིན་སྐད་ཡག་པོ་མེད་པས་དཀའ་ངལ་ཞིག་ཡོད་ཟེར། ཡང་སྡུག་ས་ནས་གཅིག་གླེང་ན། དེང་སང་འདུལ་ཁྲིམས་མི་སྲུང་མཁན་གྱི་གྲྭ་བཙུན་ས་ཕྱོགས་གང་སར་ཡོད་པས། གནས་བརྟན་སྡེ་པའི་ནང་དུ་ཡང་ལོས་ཡོད། དཔེར་ན་གྲྭ་པ་འགའ་ཤས་ཀྱིས་ངའི་དགའ་རོགས་བུ་མོ་དང་། ཁོའི་དགའ་རོགས་བུ་མོ་ཞེས་གྲྭ་པ་ནང་ཁུལ་ལ་སྣང་མེད་འཛེམ་ཟོན་མེད་པ་ལྟ་བུར་བྱས་ནས་ལབ་གླེང་བྱེད་བཞིན་ཡོད། ལབ་པ་ཙམ་མིན་པར་དགའ་རོགས་ཡོད་ངེས་ཅན་རེད། ཡང་གྲྭ་པ་གཅིག་གིས་དགོན་པའམ། ལྷ་ཁང་གཉིས་རེ་གསུམ་རེ་བདག་པོ་བརྒྱབ་ཡོད། དེའི་འོག་ཏུ་གྲྭ་པ་མང་ན་ལྔ་དྲུག་ཙམ་ཡིན། དེ་ཚོ་ལ་སློབ་སྦྱོང་གི་ཆ་རྐྱེན་གཏན་ནས་མེད། དགོན་གྱི་མཁན་པོའམ། བདག་པོ་གྲྭ་པ་དེ་ལ་དགོན་པའམ། ལྷ་ཁང་དེའི་དབང་ཆ་ཡོངས་རྫོགས་ཡོད། དེ་ནས་རྗེས་སུ་རང་འོག་གི་གྲྭ་པ་རྣམས་དང་མ་འཆམ་པ་བྱུང་ན། ཐོབ་ཐང་སྣེ་གཅིག་མེད་པར་གནས་ནས་དབྱུང་གི་རེད་ཟེར། དེ་ནས་གྲྭ་པ་ཚང་མར་སོ་སོ་ལ་དག་པའི་དགོན་པ་ཞིག་བསྒྲུབ་དགོས་སྙམ་པའི་ཀུན་སློང་ཡོད་ཅིང་། དེ་མེད་ན་གཞན་གཡོག་ལྟ་བུར་ངོས་འཛིན་བྱེད་མཁན་མང་པོ་རེད། འདུལ་བ་ལག་བསྟར་བྱས་ན་གྲྭ་པ་གཅིག་ལ་ལྷ་ཁང་མང་པོ་ཕར་ཞོག །གཅིག་ཀྱང་མི་དགོས། དེ་ལ་འབད་བརྩོན་བྱ་དགོས་དོན་ཅི་ཞེ་ན། ཡོང་བབ་ཆེད་དུ་རེད། བྱེད་སྟངས་དེ་མཐོང་དུས་གདན་ས་ཁག་གི་འཛིན་སྐྱོང་ལ་ཡིད་སྨོན་ཚད་མེད་སྐྱེས་སོང་། བྱེད་སྟངས་དེའི་རིགས་ཀྱིས་གྲྭ་བ་ཉུང་དུ་ཉུང་དུ་འགྲོ་བཞིན་ཡོད། མ་གཞི་ནས་ལུང་པ་འདིར་བདག་པོ་མེད་པའི་ལྷ་ཁང་མང་པོ་རེད། དེར་ང་ཚོ་བསྡད་ན་སྐྱིད་ཐག་ཆོད་ཡོད། མ་ཟད་གྲོང་པ་གཡས་གཡོན་གྱིས་དུས་གཉིས་ཀྱི་ཁ་ཟས་ཀྱང་སྤྲད་ཡོང་། འོན་ཏང་དེར་དཀའ་ངལ་གཅིག་ཡོད། ཉིན་ལྟར་ཁ་ཟས་གྲུབ་རྗེས་སུ་སྦྱིན་བདག་གི་ཆེད་དུ་མདོ་ཆུ་ཚོད་གཉིས་གསུམ་འདོན་དགོས། སྦྱིན་བདག་གྲོང་པ་རེས་མོས་ཀྱིས་བསླེབ་ཡོང་གི་རེད། ཟས་མ་གཏོགས་དངུལ་ཧ་ལམ་མི་སྤྲད་གདའ།

ཕྱི་ལོ་༢༠༢༢ཟླ་༣ཚེས་༥ཉིན། གནས་བརྟན་སྡེ་པའི་ལུང་པ་རྣམས་ལོ་གསར་རམ། ལོ་མགོ་སོགས་གཞི་གང་ལ་འཇོག་ཅེ་ན། སྟོན་པ་ཤཱཀྱ་ཐུབ་པའི་རིགས་ཤཱཀྱའི་རྒྱལ་པོའི་རྩིས་ལ་གཞི་བཅོལ་གྱི་ཡོད། དེ་ནི་ཕྱི་ཟླ་བྱས་ན་གསུམ་པ་དང་བཞི་པ་ལྔ་པ་སོགས་འདྲ་མིན་ལ་འཁེལ་གྱི་ཡོད། བོད་པའི་རྩིས་ལྟར་ལོ་གསུམ་རེའི་ནང་དུ་ཟླ་ལྷག་ཀྱང་ཡོད། ཟླ་བ་བརྩི་སྟངས་ཟླ་བ་དང་པོར་ཉིན་༢༩ཡོད། གཉིས་པར་ཉིན་༣༠། གསུམ་པར་༢༩། བཞི་པར་ཉིན་༣༠སོགས་གཏན་ཁེལ་ཡིན། གནས་བརྟན་སྡེ་པ་རྣམས་ལོ་གསར་གྱི་ཟླ་བ་གཅིག་པ་ཡོང་གི་ཡོད་ཀྱང་། ཚེས་པ་མི་འདྲ་བ་འཁེལ་གྱི་ཡོད། དཔེར་ན། ཕྱི་ལོ་༢༠༢༢ལོར་གཞིགས་ན། འབར་མའི་ལོ་གསར་ཚེས་གཅིག་ཕྱི་ཟླ་༤ཚེས་༡༥ལ་འཁེལ། ཤྲི་ལང་ཀ་ཕྱི་ཟླ་༤ཚེས་༡༣ལ་འཁེལ་ཟེར། གནས་བརྟན་སྡེ་པའི་འདུལ་བ་ལྟར་ན། ཟླ་བ་དང་པོ་ལོ་གསར་དང་། གཉིས་པ་སྟོན་པའི་འཁྲུངས་འདས་ཟླ་བ། གསུམ་པ་གང་ཡང་མེད་པ། བཞི་པའི་ཚེས་༡༥ནས་དབྱར་གནས་ཟླ་བ་གསུམ། དེ་ནས་དགག་དབྱེ་ཉིན་གཅིག །དེ་ནས་བསྲ་བརྐྱང་དུས་ཆེན་ཟླ་བ། དེ་ནས་བསྲ་བརྐྱང་ཟླ་བ་ལྔ། དབྱར་སྔ་མ་ཁས་ལེན་མ་ཐུབ་ན། ཕྱི་མ་ཁས་ལེན་ཆོག་པ་བོད་འདུལ་དང་མཚུངས། དེ་ལ་བསྲ་བརྐྱང་གི་ཕན་ཡོན་མི་ཐུབ་ཟེར།

ཕྱི་ལོ་༢༠༢༢ཟླ་༣ཚེས་༨ཉིན། གནས་བརྟན་སྡེ་པའི་ལུགས་ལ་དགེ་སློང་མའི་སྡོམ་རྒྱུན་ཆད་ཟིན་པ་འདོད། འོན་ཀྱང་ལོ་བཅུའི་སྔོན་དུ་ཤྲི་ལང་ཀ་དང་། ཐ་ལེན་སོགས་ཀྱི་བུད་མེད་འགའ་ཐེག་ཆེན་གྱི་དགེ་སློང་མ་ཡིས་ཁ་བསྐངས་ནས་དགེ་སློང་བསྒྲུབས། དེ་ནས་དེང་སང་དགེ་སློང་མ་ཡི་སྡོམ་རྒྱུན་ཚད་ལྡན་ཡིན་མིན་ལ་རྩོད་པ་འགྲོ་བཞིན་ཡོད། འབར་མ་སོགས་རྒྱལ་ཁབ་གཞུང་གིས་ད་དུང་གསར་དུ་བསྒྲུབ་པའི་དགེ་སློང་མ་རྣམས་ཚད་ལྡན་ཡིན་པ་ངོས་འཛིན་བྱེད་ཀྱི་མེད་ཟེར། འོན་ཀྱང་དེང་སང་རང་དབང་ཤུགས་ཆེན་པོ་ཡིན་པས། ཤྲི་ལང་ཀ་སོགས་ལ་དགེ་སློང་མ་སྒྲུབ་སྲོལ་ཡོད་གདའ།

ཕྱི་ལོ་༢༠༢༢ཟླ་༣ཚེས་༨ཉིན། སངས་རྒྱས་ཀྱི་ཞབས་རྗེས་ཡོད་པའི་རི་བོ་མ་ལཱ་ཡ་དབྱིན་སྐད་དུ་ཨ་དམ་པཱི་ཀི་(Adam Peak)དང་།  ཤྲི་ལང་ཀ་ཡི་སྐད་དུ་སི་རི་པཱ་ཌ་(sripada)ཟེར། གནས་དེ་ཤྲི་ལང་ཀ་ཡི་ཡུལ་དབུས་སུ་ཡོད། ཤྲི་ལང་ཀའི་རྒྱལ་ས་ཀོ་ལོམ་སྦོ་(Colombo)ནས་རི་བོ་མ་ལཱ་ཡ་བར་དུ་ལེ་དབར་༧༤ཙམ་ཡོད། དེ་ཡང་རི་མཐོན་པོ་ཞིག་གི་སྒང་ལ་བྲག་ཐོག་ཏུ་བཞག་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་གཡས་ཀྱི་རྗེས་ཤིག་མཇལ་རྒྱུ་ཡོད། དེང་སང་རྡོ་དེ་དར་གོས་སོགས་ཀྱིས་གཡོགས་ནས་དངོས་སུ་མཇལ་ཁ་གཏོང་བའི་ལུགས་སྲོལ་མེད། དེར་གཞུང་གི་ལས་བྱེད་སྐུ་གཉེར་གྲྭ་པ་ཁ་ཤས་ཡོད། ཁོང་ཚོ་རེས་མོས་ཀྱིས་ཆུ་ཚོད་༢༤རིང་དེར་སྡོད་དགོས། རི་དེའི་འདབས་ལ་གྲོང་པ་ཆུང་ཆུང་ཞིག་ཡོད། གནས་སྐོར་བ་རྣམས་དེ་བར་དུ་རླངས་འཁོར་བརྒྱུད་ཡོང་ཆོག །དེར་མགྲོན་ཁང་དང་ཟ་ཁང་སོགས་མང་པོ་རེད། མགྲོན་ཁང་ནས་རི་རྩེ་བར་དུ་གོམ་པ་བརྒྱབ་ནས་འགྲོ་དགོས། ཤྲི་ལང་ཀ་ཡི་མི་རྣམས་མཚན་ཆུ་ཚོད་དགུ་པའི་གཡས་གཡོན་ནས་རི་ལ་འཛེགས་ཏེ། ཞོགས་པ་ཆུ་ཚོད་ལྔ་པ་དྲུག་པའི་གཡས་གཡོན་དུ་མར་བསླེབས་ཚར་བ་བྱེད། ཅི་རེད་ཅེ་ན། རི་རྩེ་འཛེག་པ་ལ་དཀའ་ངལ་ཆུང་བ་དང་། རི་རྩེ་ལ་ཆོས་བྱས་ན་ཡག་པའི་སྐད་ཆ་ཤོད། ནུབ་ཕྱོགས་སོགས་ཡུལ་སྐོར་བ་རྣམས་མཚན་ལ་ཡར་སོང་ནས། རི་རྩེ་ཉི་མ་འཆར་སྐབས་ཉི་མ་འཆར་ས་ལ་བལྟས་ཏེ། དེ་ནས་མར་ལོག་ཡོང་། རྒྱུ་མཚན་གང་ཞེ་ན། རི་བོ་མཐོན་པོ་ཡིན་པས་ཉི་ཟླ་སྐར་གསུམ་དུས་མཉམ་དུ་འཆར་བ་མཐོང་ཐུབ་ཟེར་ཀྱང་། བོད་ཀྱི་རི་བོ་མཐོང་མྱོང་མཁན་ཞིག་ཡིན་ན། དེ་ལ་ཡ་མཚན་གང་ཡང་མེད། རི་དེ་ལས་མཐོ་བ་མང་པོ་མཐོང་མྱོང་བས་སོ། །འོན་ཀྱང་རི་གཞན་རྣམས་དམའ་བོ་ཡིན་པས། ཚོར་སྣང་ཁྱད་མཚར་ཞིག་ཡོང་སྲིད། རི་འཛེག་པ་རྣམས་ལ་རི་འདབས་ནས་རི་རྩེ་བར་དུ་ཆུ་ཚོད་ག་ཚོད་འགོར་རམ་ཞེས་དྲིས་པས། མང་ཤོས་ཀྱིས་ཆུ་ཚོད་གསུམ་ནས་ལྔ་བར་དུ་གོམ་པ་བརྒྱབ་དགོས་ཟེར། ང་དང་ངའི་རོགས་པ་གཉིས་ཆུ་ཚོད་གཉིས་དང་ཕྱེད་ཀྱིས་རི་རྩེར་བསླེབས། ཁོང་ནི་རི་མཐོན་པོ་མང་པོ་ལ་འགྲོ་མྱོང་བས། གོམས་པ་ཡོད་ལ་དཀའ་ངལ་མེད་ཟེར། འོན་ཀྱང་རྒྱ་ནག་ལྕགས་རི་རིང་པོ་ལ་འགྲོ་བའི་སྐབས་སུ་དཀའ་ངལ་ཏོག་ཙམ་བྱུང་མྱོང་ལབ་ཀྱི་གདའ། ང་ནི་བོད་ནས་ཡོང་བའི་མི་ཞིག་ཡིན་པས་རི་རྩེ་འབྱར་རྒྱུ་ལ་དཀའ་ངལ་ཆེན་པོ་ཅི་ལ་ཡོང་། དེ་བཞིན་དུ་མར་ལ་ག་ཚོད་འགོར་ཡོང་ཞེས་འདྲི་སྐབས། ཆུ་ཚོད་གཉིས་ནས་གསུམ་གྱི་བར་དུ་ལབ་ཀྱི་འདུག་ཀྱང་། ངེད་གཉིས་ཆུ་ཚོད་གཅིག་དང་ཕྱེད་ཀྱིས་རི་འདབས་ལ་འབྱོར་སོང་། མར་འབྱོར་རྗེས་སུ་རི་འདབས་ཀྱི་ཟ་ཁང་ཞིག་གི་ནང་ནས་སྟབས་བདེའི་ཟས་ཤིག་དང་། འཐུང་ཆུ་དམར་པོ་ཞིག་ཉོས། སྦྱིན་བདག་གིས་ཁྱོད་ནི་ཏཱ་ལའི་བླ་མའི་སློབ་མ་རེད་འདུག་པས། སྒོར་༥༠ཆག་ཡང་གཏང་དགོས་ཟེར། དུས་དང་རྣམ་པ་ཀུན་ཏུ་ང་ཚོ་ལ་༸གོང་ས་མཆོག་གི་བཀའ་དྲིན་ནི་ཡོད་ཡོད་རེད། གནས་དེ་ལ་དཔྱད་པ་རེ་བྱས་ན། སྟོན་པ་ཞལ་བཞུགས་ཀྱི་སྐབས་སུ། ད་ལྟ་མགྲོན་ཁང་ཡོད་ས་དེར། འགྲོ་བ་མི་ཕལ་ཆེར་ཡོང་ས་མ་རེད། གང་གིས་ན། དམིགས་བསལ་འཚོ་གནས་ཐུབ་པའི་ཡོང་ཁུངས་ཤིག་མ་མཐོང་། གལ་སྲིད་སྐབས་དེ་དུས་གནས་དེར་འགྲོ་བ་མི་ཡོད་ན། སྟོན་པ་མགྲོན་ཁང་ཡོད་ས་དེར་གནམ་ནས་མ་བབས་པར་རི་རྩེ་དེར་འབབ་དོན་ཅི་ཡིན་ནམ། དེ་ནས་མར་མི་ཡོད་སར་ཆུ་ཚོད་མང་པོར་ཕེབས་དགོས། མ་གཞི་ནས་རི་རྩེ་དེར་སངས་རྒྱས་ཞལ་བཞུགས་སྐབས་སུ་འགྲོ་བ་མི་མེད་པ་ངས་ཐག་གཅོད་ཐུབ། དེ་ཙམ་མིན་པར་ཤྲི་ལང་ཀ་རུ་སངས་རྒྱསཤཱཀྱ་ཐུབ་པ་ཚར་གསུམ་ཕེབས་མྱོང་བའི་ལོ་རྒྱུས་ཡོད། གནས་དེ་གསུམ་གང་ཞེ་ན། ཀོ་ལོམ་སྦོར་ཕེབས་མྱོང་ཟེར། དེར་མཆོད་རྟེན་གཅིག་ཡོད། མཇལ་ཁ་ཞུ་མཁན་མང་པོ་རེད། ཡང་ཁིན་ཌིས་ཉེ་འཁོར་དེར་གཅིག་ཕེབས་པའི་ལོ་རྒྱུས་ཡོད། སྤྱི་ཡི་ཆ་ནས་གནས་བརྟན་སྡེ་པའི་ལུང་པ་འབར་མ་དང་། ཐཱ་ལིན། ཤྲི་ལང་ཀ་སོགས་ལ་སངས་རྒྱས་ཀྱི་ཞབས་རྗེས་དང་། རིང་བསྲེལ་སོགས་ག་ས་གང་དུ་ཡོད་པར་གྲགས། གནས་དེ་དངོས་དང་དངོས་མིན་ཅི་གཞིགས་ཀྱང་། གདུལ་བྱ་བསོད་ནམས་གསོག་པའི་ཞིང་ས་ཞིག་སེངྒ་ལ་ཡི་གླིང་དུ་ཡོད་འདུག་ན། མ་འོངས་པར་གནས་དེར་ཕེབས་ན་ངོ་སྤྲོད་ཙམ།

ཕྱི་ལོ་༢༠༢༢ཟླ་༣ཚེས་༡༩ཉིན་རྒྱ་གར་དུ་ལོག །

Related Articles