Web Toolbar by Wibiya
 
འབྲི་རུ་རྒྱལ་མཚན།


naglha d gyaltsenརྩོམ་སྒྲིག་པ་ཟུར་པ། འབྲི་རུ་སྐལ་བཟང་རྒྱལ་མཚན།
སྐྱེ་ཡུལ། ནགས་གཡུ་ལོ་བཀོད་རྒན་མོ་གསེར་ཁུར་གྱི་ས་ཆ་ཞེས་ཡོངས་སུ་གྲགས་པ།
ནགས་ཤོད་འབྲི་རུ་གཡུ་གོང་གྲོང་དུ་སུམ་པ་འབྲི་ཡི་རུས་རྒྱུད་དུ། རུས་མིང་འབྲི་ཚང་ (འབིའི་ཚང་) བྱ་བའི་ཁྱིམ་རྒྱུད་དུ་ཕ་དགེ་ལེགས་རྒྱལ་མཚན་དང༌།

མ་སྒྲོལ་གར་དཔའ་སྒྲོན། གཉིས་ཀྱི་བུ་གསུམ་པར་སྤྱི་ལོ་ ༡༩༦༩ ལོར་སྐྱེས། ཆུང་དུས་ནས་བོད་ཡིག་འབྲི་ཀློག་སོགས་ལ་སྦྱངས། ༡༩༨༥ ལོར་ནགས་ཤོད་སྦུས་མདའ་རྣམ་རྒྱལ་དཔལ་འབར་གླིང་དུ་ཆོས་ཞུགས་བྱས་ཏེ་འདོན་ཆོས་བློ་འཛིན་དང༌། ཡི་དམ་ལྷ་ཡི་གར་འཆམ། གཞན་ཡང་དག་གསུམ་སོགས་ལ་སྦྱངས་བརྩོན་བྱས། པིར་ཐོགས་མཁས་དབང་རྒན་བསམ་རྡོར་དང༌། ཐུབ་བསྟན་ཚེ་དབང༌། བསྟན་འཛིན་ཟླ་བ་བཅས་ཀྱི་དྲུང་ནས་ལྷ་ཡི་བྲིས་སྐུ་དང་འབུར་བཟོ། རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་ཐིག་རྩ་བཅས་ལ་ཞིབ་ཏུ་སྦྱངས། ༡༩༩༣ ལོར་འཕགས་ཡུལ་དུ་འབྱོར་ནས་སེར་བྱེས་མཁས་སྙན་གྲྭ་ཚང་དུ་བསྡུས་གྲྭ་ནས་ཕར་ཕྱིན། དབུ་མ། ཚད་མ། འདུལ་བ། མཛོད་བཅས་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས་པ་བྱས། ཕྱི་ལོ་ ༢༠༠༢ ལོར་ཕར་ཕྱིན་རབ་འབྱམས་པ་དང་། སྤྱི་ལོ་ ༢༠༠༦ ལོར་དབུ་མ་རབ་འབྱམས་བཅས་ཀྱི་གནས་རིམ་ཕྱག་ཁྱེར་ཐོབ། སྤྱི་ལོ་ ༢༠༠༩ ནས་ ༡༡ བར་ལོ་གསུམ་གྱི་རིང་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་བྱས། ལོ་གསུམ་གྱི་དུས་ཡུན་རིང་ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་དང་པོ་དང༌། གཉིས་པ། གསུམ་པ་བཅས་འདོན་སྤེལ་བྱས་པ་མ་ཟད་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་གསར་བཟོ་བྱས་པ་དང༌། དྲ་རྒྱའི་ས་ཆ་བཅས་ཉོ་སྒྲུབ་བྱས། སྤྱི་ལོ་ ༢༠༡༣ཟླ་༡༢ ཚེ་ ༢༤ ཉིན་ནགས་ལྷ་རྩོམ་སྒྲིག་ཁང་གིས་བོད་རིག་པའི་རྩོམ་སྒྲིག་གི་ཕྱག་ལས་གཟེངས་སུ་ཐོན་པའི་ཕྱག་ཁྱེར་ཞེས་པ་གནང་སོན་བྱུང་། སྤྱི་ལོ་ ༢༠༡༢ ནས་༢༠༡༤ བར་ལོ་གསུམ་གྱི་རིང་སེར་བྱེས་ལྷོ་པ་ཁང་ཚན་གྱི་དུས་དེབ་རིག་མཛོད་གསེར་གྱི་ལྡེ་མིག་ཐོག་མའི་འདོན་སྤེལ་གྱི་རྩོམ་སྒྲིག་འགན་འཛིན་ལོ་གསུམ་བྱས། སྤྱི་ལོ་ ༢༠༡༢ ནས་ད་བར་སྨོན་ལམ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་བྱས་ཤིང་། སྤྱི་ལོ་༢༠༡༥ཟླ་ ༡༢ ཚེས་ ༡༨ ཉིན་༸གོང་ས་མཆོག་དབུ་བཞུགས་ཐོག་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོའི་དབུ་འབྱེད་མཛད་སྒོར་བཅར། ཉིན་རྒྱབ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པས་མཐུན་རྐྱེན་བསྒྲུབས་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོའི་དབུ་འབྱེད་དང་འབྲེལ་བགྲོ་གླེང་ཚོགས་འདུ་བཅར། ༢༠༡༥ ལོར་སེར་བྱེས་གྲྭ་ཚང་གི་གྲོས་ཚོགས་འཐུས་མི་འདེམས་ཐོན་བྱུང་བ་བཞིན་འཐུས་མི་བྱེད་མུས་དང་། ༢༠༡༥ཟླ་༡༡ཚེ་༣ཉིན་ཏེ་རྒྱལ་བ་ལྷ་ལས་བབ་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་བགྲང་བྱ་ཉེར་གསུམ་རིང་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་བགྱིས་པའི་འབྲས་རྟགས་སུ་གྲྭ་ཚང་རིན་པོ་ཆེ་ནས་དགེ་བཤེས་མིང་བཏགས་བསྩལ་སོན་བྱུང་། ༢༠༡༦ ཟླ་༡༡ ཚེས་ ༢༠ ཉིན་སྐལ་བཟང་གི་བགོ་སྐལ་དུ་མ་བསྒྲིགས་ལྷུན་གྲུབ་ཏུ་རྒྱལ་བ་ལྷ་ལས་བབ་པའི་དུས་ཚེས་ཁྱད་པར་ཅན་གྱི་ཉིན་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་དང་། མཁས་མང་འདུས་པའི་དབུས་སུ་དམ་འཇོག་གིས་མཚོན་དགེ་བཤེས་ཀྱི་བྱེད་སྒོ་ཡོངས་སུ་ལེགས་གྲུབ་བྱུང་བའི་རྟེན་འབྲེལ་གྱི་སརྒ་མ་འཆོལ་བའི་དུས་སྟོན་རྟེན་འབྱུང་མཛད་སྒོ་༢༠༡༦ ཟླ་༡༡ ཚེས་ ༢༡ ཉིན་སྤེལ། སློབ་གཉེར་གྱི་ཞོར་དུ་ཞང་ཞུང་ཆོས་དབང་གྲགས་པ་སྐུ་ཕྲེང་རིམ་པར་བྱོན་པའི་རྣམ་ཐར་ཡིད་ཆེས་ཉི་གཞོན་འདྲེན་པའི་ངོ་མཚར་གཏམ་གྱི་ཤིང་རྟ། མདོ་ཁམས་ནགས་ཤོད་ལ་རགས་ཙམ་དཔྱད་པ་བྱུང་རབས་ལ་བལྟ་བའི་འདྲེན་བྱེད། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་འཕྲིན་ལས་དང་། ཚུལ་ཁྲིམས་ཡོན་ཏན། བསྟན་འཛིན་ངག་དབང་གསུམ་གྱི་རྣམ་ཐར། དད་སྡོམ་བརྗེད་བྱང་དུ་བཀོད་པ་རྣམ་ཐར་རྒྱ་མཚོར་འཇུག་པའི་གྲུ་རྫིངས། མདོ་ཁམས་ནགས་ཤོད་དུ་ནང་ཆོས་དར་ཚུལ་རིན་པོ་ཆེའི་ཕྲེང་བ། ལྷ་མོ་དབྱངས་ཅན་མར་བསྟོད་པ་མཚོ་བྱུང་དགོད་པའི་སྙན་དབྱངས། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའ་ིམཛད་ཆེན་བཞི་ལ་དཔྱད་པའི་གཏམ་ལེགས་བཤད་བདུད་རྩིའི་ཟེགས་མ། སྤྲུལ་པའི་ཆོས་རྒྱལ་ཆེན་པོ་མེ་ལོང་གདོང་གི་བྱུང་བ་རག་ཙམ་བརྗོད་པ། དགེ་བའི་བཤེས་གཉེན་ཆེན་པོ་སྐལ་བཟང་བསླབ་གསུམ་གྱི་མྱུར་བྱོན་གསོལ་འདེབས་དེད་དཔོན་འབོད་པ། འབྲི་རུ་ཞེས་པའི་མིང་ལ་དཔྱད་པ། སྒང་པ་བོད་ལ་བྱུང་བའི་ཆག་སྒོ། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་འཆི་མེད་བདུད་རྩིའི་བུམ་བཟང་། གྱ་སྟོན་ཆེད་རྩོམ་ངོ་མཚར་མཛད་པའི་ཆ་ཤས་ཨུ་པཱ་ལའི་ཆུན་པོ། སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེས་དྲན་གདུང་འབོད། ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། གཞན་ཡང་པར་སྐྲུན་གྱི་སྔོན་གླེང་དང་རྩོམ་པ་པོ་མཚམས་སྦྱོར་སོགས་རྩོམ་བྲིས་བྱས་པ་འགའ་ཞིག་མཆིས་སོ།།

 

ལོ་རྒྱུས་འདི་ཐེངས་ 11613 བཀླགས་འདུག