Web Toolbar by Wibiya
མདུན་ངོས། ནང་ཆོས། བརྒལ་བརྟག འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ།
 
འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ། Tuesday, 26 March 2013 15:06 PDF Print E-mail

དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས།             འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ་མ་བཅོས་པ་བཅོས་བྱེད་ཀྱི་བདེན་ཚིག་ཚངས་པའི་ཐིག་ཤིང༌། མ་རིག་བློ་ཡི་རྩ་བ་ཅན་གྱི་ཉོན་མོངས་སྐྱོན་དང་ཉེས་ཚོགས་ཀུན།  །ཞི་བའི་སྒོ་ནི་གཉིས་པ་མེད་པས་གཏི་མུག་བདེན་འཛིན་ཞེན་པའི་ཡུལ།  །

གཏན་ནས་མེད་པ་མངོན་སུམ་མཐོང་བའི་བར་ཆད་མེད་པའི་ལམ་བཟང་ནས།  

 

གསར་བྱུང་མི་འཇིག་འགོག་པའི་བདེན་ཞེས་དམ་པའི་ཆོས་མཆོག་དེ་ལ་འདུད།  །མཁྱེན་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པས་ཁྱེད་ནི་ཉ་གང་ཟླ་བ་སྟེ།  །མཁས་པའི་དབང་པོའི་དཔལ་གྱི་མགུལ་ལས་འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ།  །མ་བཅོས་སེམས་ཀྱི་རང་མདངས་ཤར་ཚེ་བདག་ཡིད་དང་བའི་འདབ་བརྒྱ་གྲོལ།།

 འོན་ཀྱང་རྨོངས་བློའི་དྭོགས་འཆར་བརྗོད་ལ་མཁས་པ་ཆེན་པོས་གནང་བ་སྩོལ།།ཞེས་སྐྱབས་ཡུལ་ལ་མཆོད་པར་བརྗོད་པ་དང༌།སྐབས་བབ་ཀྱི་ལས་ལ་འཇུག་པའི་གནང་བ་ཞུ་བའི་ཤིས་ཚིག་རྣམས་སྔོན་དུ་བཏང་སྟེ།བྱ་བ་དངོས་ལ་འཇུག་པའི་དུས་འགོ་འཛུགས་རྒྱུ་ནི་སྐབས་སྟོབས་ཀྱི་དངོས་གཞིའི་ལས་སོ།།དེ་ཡང་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་མཁྱེན་དཔྱོད་ཀྱིས་ཕ་མཐར་བརྒལ་བ་མཁས་པའི་དབང་པོ་རྒན་ཟླ་བ་ཚེ་རིང་མཆོག་གིས་མཛད་པའི་ལྟ་བའི་རྣམ་བཤད་དགོངས་དཔྱོད་རྒྱ་མཚོའི་གཉེར་མ་ཐེངས་འགའ་བལྟ་ཀློག་བྱེད་པའི་གོ་སྐབས་བྱུང་བ་ནི་མ་སྒྲིག་ལྷུན་འགྲུབ་ཀྱི་རྟེན་འབྲེལ་བཟང་པོ་ཞིག་འགྲིགས་པ་ཡིན་པས་ཨེ་མ་ཧོ་སྐལ་བ་བཟང་སྙམ་གྱི་ཡོད།འོན་ཀྱང་མཁས་པ་ཆེན་པོའི་གསུང་གི་དགོངས་དོན་ཇི་མ་ཇི་བཞིན་བླུན་པོ་བདག་ལྟ་བུས་གཏིང་མཐའ་དཔོག་པའི་གནས་མ་ཡིན་ཀྱང་རང་གི་བློ་ནུས་ལ་དཔག་པའི་བློ་སྐྱེད་མི་ཉུང་བ་ཞིག་བྱུང་བ་ནི་ཁྱེད་ཀྱི་གསུང་དང་མཇལ་བའི་བཀའ་དྲིན་ཉག་ཅིག་ལོས་ཡིན༌།དེ་བཞིན་བདག་དང་འདྲ་བའི་སྐལ་མཉམ་གྱི་སློབ་གཉེར་བ་གསར་བུ་མང་པོ་ཞིག་ལ་ཕན་ཐོགས་མི་དམན་པ་བྱུང་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།དེས་ན་ཕྲན་ནི་འོ་ཅག་ཚོའི་མ་བསྐོས་དྭང་བླངས་ཀྱི་སྤྱི་མཐུན་དུ་ལངས་ཏེ་ཁྱེད་ལ་བསྔགས་བརྗོད་ཀྱི་མཐེ་བོང་གྱེན་དུ་བསྒྲེངས་ཏེ།ཐུགས་རྗེ་ཆེ་ཞེས་ཁ་དྲོ་བའི་ཤིས་ཚིག་བཟང་པོ་འདི་རབ་དཀར་ལྷ་རེག་དཀར་པོ་ཞིག་གི་ཚུལ་དུ་ཁྱེད་ལ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།འོན་ཀྱང་མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པའི་གནའ་བོའི་ཁ་དཔེ་དེ་ཅི་འདྲའི་བདེན་པ་ཞིག་མ་རེད་དམ།རེད་ཡ།མཁས་པ་ལ་མཁས་པའི་རྣམ་དཔྱོད་དང༌།བླུན་པོ་ལ་བླུན་པོའི་རྨོངས་འཆར་མཁས་བླུན་བར་ཀྱི་བསམ་ཚུལ་མ་མཐུན་པ་གྲངས་མང་ཞིག་ཡོང་བ་ནི་རྟེན་འབྱུང་ཆོས་ཉིད་རིགས་པའི་འགྲོས་དང་མཐུན་པ་ཞིག་ཡིན་པས་དེ་ལ་ཡ་མཚན་ཆེ་རྒྱུ་ཅི་ཞིག་ཡོད།ཁོ་བོའི་རྨོངས་བློའི་དྭོགས་འཆར་ཡོད་ཚད་ཡིག་ཐོག་ཏུ་འགོད་པ་མི་ལང་ཡང་ཁྱེད་ཀྱིས་མཛད་པའི་འགོག་བདེན་སྟོང་ཉིད་སྒྲུབ་པའི་གཏམ་མ་བཅོས་སེམས་ཀྱི་རང་མདངས་ཞེས་པ་འདི་ཉིད་དཔྱད་གཞིར་བྱས་ནས་རང་ཉིད་ལུང་རིགས་ལ་གོམས་པ་འཕེལ་ཕྱིར་དང༌།རྩོམ་རིགས་ལ་ཉམས་མྱོང་ཏོག་ཙམ་འཐོབ་རེ་ཡིད་ལ་བཅངས་ཏེ་མུ་མཐའ་མེད་པའི་རྣམ་རྟོག་གི་འཆར་སྒོ་ལས་བྱུང་བའྀ་དྭོགས་གཞི་འགའ་ཞིག་ཡི་གེ་འབྲི་བའི་ལས་སུ་འཇུག་པ་ཙམ་ལས་མཁས་པ་ཆེན་པོའི་གསུང་ལ་དགག་སྒྲུབ་བྱེད་པའི་ནུས་པ་ཅི་ཡང་མི་ལྡན་པས་དགག་པ་བྱེད་པ་ནི་རྩ་བ་ནས་མིན་ནོ།དེས་ན་ཁྱེད་ཀྱིས་འགོག་བདེན་ལ་སྟཽང་ཉིད་ཀྱིས་ཁྱབ་པ་དེ་ཐུགས་དམ་གྱི་མཐིལ་དུ་བཟུང་ནས་ཚད་དང་ལྡན་པའི་རྡོ་རྗེའི་བཀའ་ལུང་རྣམས་ཁྱེད་ཀྱི་དགོངས་པའི་ཕྱོགས་སུ་

བཀྲལ་བའི་གཏམ་ཟབ་མོ་སྟོང་པ་ཉིད་དམ་ཡང་ན་བདེན་སྟོང་ལྟ་བུ་ཞིག་དངོས་གནས་རེད་འདུག་པས་བརྗོད་བྱ་དང་རྗོད་བྱེད་མཚུངས་པའི་བསྟན་བཅོས་རྣམ་དག་ཞིག་རེད་ཅེས་བསྔགས་པར་བརྗོད་པའི་གནས་སོ།
དེ་ཡང་གཏམ་སེམས་ཀྱི་སྟོང་པ་ཉིད་ལས།ཐལ་འགྱུར་བའི་ལུགས་ལ་འགོག་བདེན་དོན་དམ་བདེན་པ་ཡིན་ཡང་ཆོས་ཉིད་མིན་ཞེས་རླུང་ལྟར་གྲགས་མོད་ཅེས་གསུངས་འདུག་ཀྱང་རླུང་ལྟར་གྲགས་པ་འདི་ཡི་གྲགས་ཚུལ་ལ་ཞིབ་ཏུ་བལྟས་ན་རིན་ཐང་མེད་པ་ཞིག་གཏན་ནས་མིན་པས་འདི་ཡི་རིན་གོང་གང་ཞིག་ཡིན་མིན་དངོས་པོའི་གནས་ཚོད་དང་མཐུན་པ་ཞིག་ཁོ་བོས་འོག་ཏུ་གཏན་འབེབས་བྱ་རྒྱུ་ཡིན་པས།སུ་ཞིག་གིས་ཉོ་མིན་ནི་དྲི་མ་མེད་པའི་རིགས་པའི་སྒོར་མོ་ཡོད་མེད་ཁོ་ན་ལ་རགས་ལས་པ་ཡིན།དེ་ཡང་ཁྱེད་ཀྱིས་དཔྱད་གཞི་དང་པོར་བཟུང་བའི་རྩ་ཤེས་རྣམ་བཤད་ཀྱི་ལུང་དེར་སླར་ཡང་ཁོ་བོས་འདི་ལྟར་དཔྱད་པར་བྱ་སྟེ།
དེ་ཡང་རྩ་ཤེས་ཊིཀ་ཆེན་ལས།འདིར་ཉོན་མོངས་ཀྱི་ས་བོན་ཟད་པ་དང༌།ཉེར་ལེན་གྱི་ཕུང་པོའི་སྣང་བ་ནུབ་པའི་སེམས་ཀྱི་ཆོས་ཉིད་མྱང་འདས་སུ་བྱ་ཡི།ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་ཆད་པ་ལས་ཕྱི་མའི་རིགས་འདྲ་མ་སྐྱེས་པ་ནི་མྱང་འདས་སུ་མི་བྱ་སྟེ།དེ་རྒྱུན་སྔ་མ་ཟད་པས་བསྐྱེད་པའི་མ་འོངས་པར་བཤད་ཟིན་པའི་ཕྱིར།ཞེས་པའི་ལུང་འདི་ལ་བརྟེན་ནས་འགོག་བདེན་ལ་ཆོས་ཉིད་ཡིན་དགོས་ཏེ།དེ་ལྟར་མིན་ན་འགོག་བདེན་ནི་གོང་དུ་དྲངས་པ་ལྟར་ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་ཆད་པ་ལས་ཕྱི་མའི་རིགས་འདྲ་མི་སྐྱེ་བ་དེ་བཞག་དགོས་པ་ལས་འོས་མེད་པ་གང་ཞིགདེ་ནི་འདུས་བྱས་སུ་གསུངས་པའི་ཕྱིར་སྙམ་འདུག།དེ་ནི་དངོས་གཉེན་བར་ཆད་མེད་ལམ་གྱི་སྟོབས་ཀྱིས་ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་བཅད་པའམ་བཀག་པ་ལས་ཕྱི་མའི་རིགས་འདྲ་དང་བཅས་པ་སྐྱེ་བའི་གོ་སྐབས་གཏན་དུ་འགག་པ་དང༌།གནས་སྐབས་ཉོན་མོངས་ལ་སོགས་པའི་རྒྱུ་རྐྱེན་མ་ཚང་བའམ་ཆད་པ་ཙམ་ལས་ཕྱི་མའི་རིགས་འདྲ་མ་སྐྱེས་པ་གཉིས་ལ་ཁྱད་པར་ཇི་ཙམ་ཡོད་མེད་མ་ཤེས་པའི་སྐྱོན་དུ་གསལ་ཏེ།འདི་གཉིས་མཚུངས་པའི་གོ་སྐབས་གཏན་ནས་ཡོད་པ་མ་ཡིན་ཏེ།སྔ་མ་ནི་ཆགས་སོགས་ཉོན་མོངས་ཀྱི་དངོས་གཉེན་བར་ཆད་མེད་ལམ་ལ་བརྟེན་ནས་འབྱུང་དགོས་པ་དང༌།ཕྱི་མ་འབྱུང་བའི་ཁུངས་བཙལ་བ་ན་ཆགས་སོགས་ཉོན་མོངས་ལ་ཐུག་འགྲོ་བ་ཡིན་པ་དེའི་ཕྱིར།དཔེར་ན་ཆུ་ཆད་པ་ནི་ཆུ་བྲི་བའམ་ཉུང་དུ་ཕྱིན་པ་སོགས་གཙོ་བོ་ཆུ་ཉིད་ལ་རགས་