Web Toolbar by Wibiya
མདུན་ངོས། ནང་ཆོས། ནང་ཆོས་ངོ་སྤྲོད། ཐུན་མོང་ལམ་གྱི་བསླབ་བྱ།
 
ཐུན་མོང་ལམ་གྱི་བསླབ་བྱ། Friday, 21 December 2012 04:21 PDF Print E-mail

                    རྗེ་བཙུན་སྐལ་བཟང་བསླབ་བསུམ་མཆོག

ཐུན་མོང་ལམ་གྱི་བསླབ་བྱ་ལེགས་བཤད་རིན་ཆེན་ཕྲེང་བ།

 

རྗེ་བཙུན་བླ་མ་རྣམས་ལ་སྙིང་ནས་འདུད། །ཉམ་ཐག་སྤྲང་གི་བློ་སྣ་ཆོས་ཕྱོགས་ཤིང༌། །


ཆོས་མིན་བསམ་སྦྱོར་མཐའ་དག་ཞི་བ་དང༌། །ཆོས་མཐུན་བསམ་དོན་གེགས་མེད་ལྷུན་གྲུབ་མཛོད། །

གཞི་རྩ་བླ་མ་མཆོག་གསུམ་ལས་འབྲས་ལ། །དད་གསུམ་བཀའ་དྲིན་རྗེས་སུ་དྲན་པ་དང༌། །
དལ་འབྱོར་དོན་ཆེའི་ཚུལ་གསུམ་ངེས་བྱས་ནས། །དོན་མེད་ཆུད་ཟོས་མི་བཏང་དམ་ཆོས་སྒྲུབས། །

ཚེ་འདི་མི་རྟག་ཆུ་བུར་ཚུལ་ཤེས་ནས། །ཆོས་མིན་གང་གིས་ཕན་མེད་མངོན་སུམ་གཟིགས། །
འདི་ཕྱི་གཉིས་ཀྱི་དོན་སྒྲུབ་འདོད་པ་མཁན། །ཕྱི་མར་མི་ཕན་དམ་པ་དུ་མས་གསུངས། །

དལ་འབྱོར་མི་རྟག་ཚུལ་རྣམས་ལེགས་བསམ་ནས། །ཚེ་འདིའི་ཕུན་ཚོགས་བློ་ཡིས་བཏང་བྱེད་པ། །

དམ་ཆོས་སྒྲུབ་པའི་དང་པོ་ཡིན་ནོ་ཞེས། །སྔོན་བྱོན་དམ་པ་རྣམས་ཀྱིས་མགྲིན་གཅིག་གསུངས། །

བདག་འདྲ་ཉམ་ཆུང་ལས་དང་པོ་པ་ལ། །ཆོས་ཚུལ་འོག་མ་མེད་ན་གོང་མེད་ཤེས། །
དེ་དོན་ཤེས་པར་བྱས་ནས་མཐོར་མི་སྙེགས། །བདག་འདྲ་རྣམས་ལ་རིམ་གལ་ཆེ་བར་གསུངས། །

དམིགས་བསལ་དོན་གྱི་ཁྱད་པར་འགའ་རེ་ལས། །ཆོས་ཚུལ་གོང་མ་རྣམས་ལ་འོག་མ་དགོས། །
དེ་ཕྱིར་སྐྱེས་བུ་གསུམ་གྱི་ལམ་རིམ་གྱི། །འོག་མ་རྣམས་ལ་ཕལ་ཆེར་ཐུན་མོང་གསུངས། །

རང་གི་རྒྱུད་ཀྱི་ལས་ཉོན་ལེགས་བརྟགས་ན། །ཕྱི་མའི་འགྲོ་ས་ངན་སོང་གནས་སུ་ངེས། །
དེ་ལ་འཇིགས་སྐྲག་བྱུང་ཚེ་སྐྱབས་འགྲོ་དང༌། །དེ་ཡིས་དགག་སྒྲུབ་ལས་འབྲས་བླང་དོར་མཛོད། །

དེས་ནི་ཕྱི་མ་བདེ་འགྲོའི་རྟེན་ཐོབ་ཀྱང༌། །ཆོས་མེད་ཚེ་ན་སླར་ཡང་ངན་འགྲོར་ངེས། །

རྟེན་དེ་ལ་ནི་ཡིད་བརྟན་མེད་མ་ཟད། །སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་དགོངས། །

དེ་ཡི་ཕྱིར་ན་འཁོར་བའི་ཕུན་ཚོགས་ལ། །བློ་ཡིད་གཏིང་ནས་ཞེན་པ་ལོག་པ་དང༌། །
འཁོར་བའི་བཙོན་ར་འདི་ལས་ཐར་འདོད་ན།།ཞི་སྒོ་གཉིས་མེད་བསླབ་གསུམ་ཉམས་ལེན་མཛོད། །

དེ་རྣམས་ཉམས་སུ་བླང་པས་ཐར་པ་ཙམ། །ཐོབ་པར་ནུས་ཀྱང་དེ་ཡིས་ཆོག་མིན་ཏེ། །