Web Toolbar by Wibiya
མདུན་ངོས། ནང་ཆོས། ལྟ་བའི་སྐོར། དགག་བྱ་ངོས་འཛིན་གྱི་བློ་ཚད་མ་ཡིན་མིན།
 
དགག་བྱ་ངོས་འཛིན་གྱི་བློ་ཚད་མ་ཡིན་མིན། Monday, 15 October 2012 09:03 PDF Print E-mail

                             སེརལྷོ་འབྲི་རུ་ངག་དབང་ཐོགས་མེད།

 

གང་ཞིག་གཟིགས་ཤིང་གསུངས་པ་ཡི། །མཁྱེན་དང་སྟོན་པ་བླ་ན་མེད། །
རྒྱལ་བ་རྟེན་ཅིང་འབྲེལ་བ་འབྱུང༌། །གཟིགས་ཤིང་འདོམས་པ་དེ་ལ་འདུད།།

 

ཅེས་མཆོད་བརྗོད་སྔོན་དུ་བཏང་ནས། ཇི་སྐད་དུ་མདོ་ལས། སྟོན་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །

མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་པ་ལྟར་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྟོན་པ་མཆོག་གིས་བདག་སོགས་གདུལ་བྱ་རྣམས་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་དུ་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་དངོས་སམ་བརྒྱུད་པའི་སྒོ་ནས་དེ་ཁོ་ན་ཉིད་མ་རྟོགས་པ་རྟོགས་པ་དང་རྟོགས་ཟིན་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་འདོམས་པ་ཤ་སྟག་ཡིན་ཏེ། རྟེན་འབྲེལ་བསྟོད་པ་ལས། ཁྱོད་ཀྱིས་ཇི་སྙེད་བཀའ་སྩལ་པ།། རྟེན་འབྲེལ་ཉིད་ལས་བརྩམས་ཏེ་འཇུག །དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་ལ། དེ་ཡང༌། སྟོན་པ་འཇིག་རྟེན་དུ་ཕེབས་པའི་དགོས་དོན་ནི། འགྲོ་བ་རྣམས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་དུ་ཡིན་ལ། འཁོར་བའི་སྡུག་བསྔལ་ནི་རྩ་བ་བདེན་འཛིན་མ་རིག་པ་ལས་བྱུང་བ་ཡིན་པས། རྩ་བ་བདེན་འཛིན་མ་སྤངས་པར་འཁོར་བའི་སྡུག་བསྔལ་སྤོང་བའི་གནས་མེད་ལ། བདེན་འཛིན་དེ་ཡང་གྲུབ་མཐས་འཕྲལ་དུ་སྒྲོ་བཏགས་པའི་དགག་བྱ་འཛིན་པ་ཙམ་མིན་པར་གྲུབ་མཐས་བློ་བསྒྱུར་མ་བསྒྱུར་ཐམས་ཅད་ལ་ངམ་ངམ་ཤུགས་ཀྱིས་འབྱུང་ཞིང་ཟག་བཅས་དགེ་མི་དགེ་ཐམས་ཅད་ཀྱི་རྩ་བ་བྱེད་པ་ཅན་ཞིག་གོ །འདི་ངོས་ཟིན་པ་ལ། དགག་བཞག་སྤོང་གསུམ་ལས། དང་པོ་ལ་ཁ་ཅིག་དགག་བྱ་ངོས་ཟིན་པའི་བློ་ནི་བདེན་གྲུབ་དགག་བྱར་རྟོགས་པའི་རྗེས་སུ་དཔག་པའི་ཚད་མ་ཡིན་གསུངས། དེ་ལྟར་ན་སྟོང་ཉིད་རྟོགས་པའི་ལྟ་བ་དང༌། དགག་བྱ་ངོས་འཛིན་གྱི་བློ་གཉིས་སྐྱེས་རིམ་མེད་པར་འགྱུར་ལ། སྐྱེས་རིམ་མེད་པ་མི་འཐད་དེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རིག་པ། དེ་ཡིས་དངོས་མེད་འཛིན་མ་ཡིན། ཞེས་དང༌། དྲང་ངེས་རྣམ་འབྱེད་ལས། དེ་ཡང་རྒྱལ་བའི་གསུང་རབ་ཀྱི་དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པ་ལ་རག་ལས་ཤིང༌། ཞེས་གསུངས་པ་རྣམས་ཀྱི་དོན་དང་འགལ་བའི་ཕྱིར་རོ།

དེང་དུས་འགའ་ཞིག་གིས། དགག་བྱ་ངོས་ཟིན་པའི་བློ་གྲུབ་མཐའ་འོག་མ་སེམས་ཙམ་པ་དང་རང་རྒྱུད་པ་སོགས་ཀྱི་རྒྱུད་ལ་ཡོད་ཟེར། དེ་ལྟར་ན་དེ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པ་དགག་བྱར་འདོད་པར་ཐལ། ཐལ་འགྱུར་པའི་ལུགས་ཀྱི་དགག་བྱ་ངོས་ཟིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་རྣམས་ཀྱིས་ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་གྱིས་མེད་ན་ཡོད་པར་འཇོག་མི་ཤེས་པའི་ཕྱིར་ཏེ། གཞི་གྲུབ་ན་ཐལ་འགྱུར་བའི་འདོད་པ་ལྟར་གྱི་ཆོས་ཀྱི་བདག་ཏུ་གྲུབ་པས་ཁྱབ་པར་འདོད་པའི་ཕྱིར། དེས་ན་ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་མཚན་གྱིས་མེད་ན་འཁོར་འདས་ཀྱི་རྣམ་གཞག་གཏན་ནས་མི་འཐད་པར་འདོད་བཞིན་དུ་རང་མཚན་དགག་བྱར་ངོས་ཟིན་པ་ནི་སྔོན་མ་བྱུང་བའི་གཏམ་མོ།

གདགས་གཞི་རང་ངོས་ནས་ཡོད་པ་ལ་ལས་འབྲས་ཀྱི་རྣམ་གཞག་མི་འཐད་པ་དང༌། རང་ངོས་ནས་ཡོད་པར་འཛིན་པ་ཆགས་སོགས་ཉེས་པ་ཀུན་གྱི་རྩ་བ་ཡིན་པར་ཐེ་ཚོམ་ཙམ་ཡང་མེད་པར་གདགས་གཞི་རང་ངོས་ནས་མེད་ན་གཏན་ནས་མེད་པར་འགྱུར་སྙམ་པའི་གང་ཟག་གིས་རང་བཞིན་གྱིས་གྲུབ་པ་དགག་བྱ་ཡིན་པ་བློ་ཁ་ཙམ་ཡང་མ་ཕྱོགས་པས་རང་མཚན་དགག་བྱར་ངོས་ཟིན་པ་མེད་དེ། དཔེར་ན་ནོར་རྐུས་པའི་ལྷས་བྱིན་ལ་ནོར་རྐུས་པ་དོགས་པ་ཙམ་ཡང་མེད་པའི་མིས་ལྷས་བྱིན་རྐུན་མ་རུ་ངོས་ཟིན་པའི་གནས་མེད་པ་བཞིན་ནོ།གཉིས་པ་རང་ལུགས་ལ། རྟོག་པའི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་གྱི་སྟེང་དུ་གྲུབ་པར་འཛིན་པ་བདེན་འཛིན་དང༌། དེའི་ཞེན་ཡུལ་ལ་བཏགས་པ་མཐའ་གཟུང་གི་དབང་དུ་བྱེད་ན་ཡུལ་གྱི་དགག་བྱ་དང་བདེན་ཚད་ཀྱང་ཡིན་ནོ།། འདི་ངོས་ཟིན་པར་བྱེད་པ་ལ། འདུས་བྱེད་ཀྱི་རྟེན་འབྲེལ་དང༌། ཆ་བཅས་ཀྱི་རྟེན་འབྲེལ་ལེགས་པར་ཁོང་དུ་ཆུད་ནས། རང་རེ་ལ་སྣང་བ་འདི་ཐོག་མ་མེད་པ་ནས་མ་རིག་པས་བསླད་པའི་སྣང་བ་ཙམ་ལས་སྣང་བ་ལྟར་དུ་གྲུབ་ན་གཞུང་ནས་གསུངས་པ་ལྟར་གྱི་གཅིག་དུ་བྲལ་དང་རྟེན་འབྱུང་གི་རིགས་པ་