Web Toolbar by Wibiya
མདུན་ངོས། ནང་ཆོས། ལྟ་བའི་སྐོར། བདག་འཛིན་ཕྲ་རགས་སྐོར་ལ་དཔྱད་པ།
 
བདག་འཛིན་ཕྲ་རགས་སྐོར་ལ་དཔྱད་པ། Monday, 15 October 2012 08:54 PDF Print E-mail

                                                  དགའ་ལྷོ་འབྲི་ཚུལ་ཁྲིམས་རྒྱལ་བ།

རང་ཅག་རྣམས་ཐོག་མ་མེད་པ་ནས་ད་ལྟའི་བར་དང༌།ད་ལྟ་ནས་མ་འོངས་པར་ཐར ་པའི་གོ་འཕང་མ་ཐོབ་བར་དུ་སྡུག་བསྔལ་གསུམ་གྱིས་བར་མཚམས་མེད་པར་མནར་ཞིང་འོང་བ་དང༌། འགྲོ་བཞིན་པ་དང༌། འགྲོ་བར་འགྱུར་བ་ཞིག་ཡིན་ན། སྡུག་བསྔལ་འདི་དག་རྒྱུ་མེད་རྐྱེན་མེད་ཞིག་མིན་པས། ཐར་འདོད་ཀྱི་སྐྱེས་བུ་ཞིག་ཡིན་ན་འདི་དག་གི་རྒྱུ་རྐྱེན་སྤྱི་དང༌།ཁྱད་པར་དུ་འདིའི་རྩ་བའི་རྒྱུ་གང་ཡིན་ངོས་ཟིན་པ་གལ་ཆེ་བ་ཡིན་པར་རྒྱ་བོད་མཁས་པའི་ཚད་ལྡན་གྱི་གཞུང་ལུགས་དུ་མ་ཞིག་ནས་ལན་གཅིག་མིན་པར་ཡང་ཡང་གསུངས་པ་ཡིན་ལ།དེས་ན་རང་ཅག་འགྲོ་བ་རྣམས་ལ་མི་འདོད་ཐོག་ཏུ་བབ་པའི་སྡུག་བསྔལ་འདི་ཡི་རྩ་བའི་རྒྱུ་ནི་ཐོག་མ་མེད་པ་ནས་གོམས་པའི་བདག་ཏུ་འཛིན་པའི་བདག་འཛིན་མ་རིག་པ་ཞེས་པ་འདི་ཡིན་ལ། དེ་ཡང་བློ་དེའི་འཛིན་སྟངས་ངོས་མ་ཟིན་པར་བློ་དེ་ངོས་བཟུང་དུ་མེད་པས་བདག་འཛིན་མ་རིག་པ་དེས་འཛིན་ཚུལ་ངོས་ཟིན་དགོས་པ་ཡིན་ལ། དེ་ལ་གྲུབ་མཐའ་སོ་སོའི་འདོད་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པའི་ནང་ནས་འདིར་རང་རྒྱུད་པ་མན་ཆད་ཀྱིས་ཐུན་མོང་བར་འདོད་པའི་བདག་འཛིན་གྱིས་འཛིན་ཚུལ་རང་བློར་འཆར་ཚོད་ཙམ་ཞིག་འཆད་ན། ང་ཞེས་འཛིན་པའི་ཚེ་ལས་བྱེད་པ་པོ་དང༌། ལས་གསོགས་པ་པོ། དེ་བཞིན་ང་འགྲོ་ང་འོང་ཞེས་སོགས་ཀྱི་འཛིན་ཚུལ་ཞིག་དང༌། རང་གི་ཕུང་པོའི་ཚོགས་པ་དང་ཡ་གྱལ་གང་ལ་ཡང་མ་ལྟོས་པར་ང་ཞེས་རང་དབང་བའམ་རང་སྐྱ་བའི་འཛིན་ཚུལ་གཉིས་ཡོད་པ་ལས་སྔ་མ་ནི་འཛིན་པ་དོན་མཐུན་དང༌། དེས་བཟུང་བའི་དོན་ལ་ལས་འབྲས་དང༌། འགྲོ་འོང་གི་གཞིར་རུང་བས་ཡོད་པ་ཡིན་ལ། ཕྱི་མ་ནི་སྔར་བཤད་པའི་མི་འདོད་པའི་སྡུག་བསྔལ་འདི་དག་གི་རྩ་བའི་རྒྱུ་ཡིན་ལ་དེས་བཟུང་བ་ལྟར་གྲུབ་པ་མེད་པས་དེའི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་བའི་བདག་དེ་ལ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་བདག་དང༌། རང་རྒྱུད་པ་མན་ཆད་ཀྱིས་འདོད་པའི་དགག་བྱའི་བདག་ཞེས་པ་དེ་ཡིན་ལ་དེ་ལྟ་བུའི་འཛིན་པ་དེ་ལ་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ཡོད་ལ། བདག་འཛིན་ཀུན་བརྟགས་དང་ལྷན་སྐྱེས་གཉིས་ལ་ཕྲ་རགས་སམ་འཛིན་ཚུལ་ལ་ཁྱད་པར་ཡོད་དམ་ཞེ་ན་ཡོད་དེ། རྣམ་བཤད་ཐར་ལམ་གསལ་བྱེད་ལས། ཡང་ན་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་དུ་མེད་པ་དེ་རང་བཞིན་མེད་པས་ཁྱབ་སྟེ།དཔེར་ན་རི་བོང་གི་རྭ་བཞིན། གང་ཟག་རང་དབང་བ་དེ་ཡང་ཕུང་པོ་དང་རང་བཞིན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་བོ་ཞེས་བྱའོ།།

ཁྱབ་པ་ནི་ངེས་སླ་ལ། ཕྱོགས་ཆོས་ནི་གང་ཟག་རང་དབང་བ་དང་གྲུབ་བདེ་གཅིག་གི་རང་བཞིན་དུ་མེད་དེ་ཁྱོད་རྒྱུའི་གཞན་དབང་ཅན་ཡིན་པའི་ཕྱིར། ཁྱོད་དེ་ལས་རང་བཞིན་གཞན་དུ་མེད་དེ། ཡོད་ན་དམིགས་སུ་རུང་བ་ལས་མ་དམིགས་པའི་ཕྱིར། རྟགས་དེ་གཉིས་ལ་བརྟེན་ནས་ཀུན་བརྟགས་ཀྱི་བདག་འཛིན་གྱི་ཞེན་ཡུལ་རྣམ་པར་བཅད་པའི་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་པའི་སྟོང་བ་དང་བདག་མེད་འགྲུབ་ལ། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་རྣམ་པར་བཅད་པའི་བདག་མེད་འགྲུབ་བོ་ཞེས་གསུངས་པས། རང་དབང་བའི་བདག་ཕུང་པོ་དང་རང་བཞིན་གཅིག་ཏུ་གྲུབ་པར་འཛིན་པའི་འཛིན་པ་དང༌། གཞན་དུ་གྲུབ་པར་འཛིན་པའི་འཛིན་པ་གཉིས་བདག་འཛིན་ཀུན་བརྟགས་དང༌། དེ་གཉིས་ཀྱི་ཞེན་ཡུལ་མེད་པ་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་པ་ཡིན་ནོ་ཞེ་ན། འོ་ན་འཛིན་པ་དེ་གཉིས་ཆོས་ཅན། གང་ཟག་གི་བདག་འཛིན་ཡིན་པར་ཐལ། གང་ཟག་གི་བདག་འཛིན་ཀུན་བརྟགས་ཡིན་པའི་ཕྱིར། འདོད་ན་དེའི་ཞེན་ཡུལ་མེད་པ་དེ་ཉིད་བདག་མེད་ཕྲ་མོ་ཡིན་པར་འགྱུར་ལ་དེ་ལྟར་ན་རྩ་བའི་རྟགས་ཀྱི་ བསྒྲུབ་བྱ་དང་ཁྱད་པར་མེད་པས། ཕྱོགས་ཆོས་སྒྲུབ་པའི་རྟགས་གཉིས་ལ་བརྟེན་ནས་ཞེན་ཡུལ་སུན་ཕྱུང་ཚུལ་དང༌། རྩ་བའི་རྟགས་ལ་བརྟེན་ནས་ཞེན་ཡུལ་སུན་ཕྱུང་ཚུལ་ལ་ཁྱད་པར་མེད་པར་འགྱུར་བའི་ཕྱིར། ཡང་འཛིན་པ་དེ་གཉིས་ཀྱིས་རང་དབང་བའི་བདག་དེ་ཉིད་ཕུང་པོ་དང་རང་བཞིན་ནམ་ངོ་བོ་གཅིག་དང༌། ཐ་དད་དུ་འཛིན་པའི་འཛིན་པ་དེ་ཡིན་པས་སྤྱིར་བདག་འཛིན་ཀུན་བརྟགས་མ་ཡིན་གྱི། བདག་འཛིན་རགས་པ་དང༌།འཛིན་པ་ཀུན་བརྟགས་ཀྱི་གཞི་མཐུན་ཙམ་ཞིག་ཡིན་པས་དེ་ལ་བདག་འཛིན་ཀུན་བརྟགས་ཞེས་བརྗོད་པ་ཙམ་ཞིག་ཡིན་གྱི་བདག་འཛིན་ཀུན་བརྟགས་ཕྲ་མོ་མིན་པས་འདིའི་ཞེན་ཡུལ་སུན་ཕྱུང་བ་དང༌། རྩ་བའི་རྟགས་ལ་བརྟེན་ནས་བདག་འཛིན་གྱི་ཞེན་ཡུལ་སུན་ཕྱུང་བ་གཉིས་མི་འདྲ་ཞེ་ན། འོ་ན། འཛིན་པ་ཀུན་བརྟགས་དེ་གཉིས་ཀྱི་ཞེན་ཡུལ་མེད་པ་དེ་ཉིད་སྡུག་བསྔལ་བདེན་པའི་ཁྱད་ཆོས་སུ་གྱུར་བའི་སྟོང་བ་དང་བདག་མེད་ཡིན་པར་