Web Toolbar by Wibiya
མདུན་ངོས། རྩོམ་ཡིག སྙན་རྩོམ། སྨན་ཁང་ནང་གི་སེམས་ཚོར།
 
སྨན་ཁང་ནང་གི་སེམས་ཚོར། Friday, 04 August 2017 04:17 PDF Print E-mail

ནགས་ཀྱི་ཤིང་ལོ་ནས།

ཀ་མ་རུ་ཡི་རྡོ་ཡིས་བསྐྲུན་པའི་གཙང་ཞིང་དྭངས་བའི་སྨན་ཁང་དེར།།

ཁ་དོག་མི་གཅིག་མི་ཚོགས་དེ་རྣམས་འཚང་ཁ་ཤིག་ཤིག་ནང་དུ་འཛུལ།།

ག་ལེར་ཉན་དུས་ཟུག་དང་གཟེར་གྱི་སྐད་ཅོར་དེ་ཡིས་རྣ་བ་སུན།།

ང་ཡི་སེམས་འདི་རང་ལ་བསྐོར་དུས་གནས་སྐབས་བདེ་བའི་ཚོར་སྣང་སྐྱེས།།

 

ཅ་ཅོའི་སྐད་ཀྱིས་ག་ས་ག་ནས་ན་དང་ཚ་བའི་ཨག་སྐད་དང་།།

ཆ་ལུགས་བཞིན་གྱི་མདངས་ཤོར་མིག་ནས་མཆི་མ་འཛག་པའི་སྣང་ཚུལ་དེས།།

ཇ་ཕོར་ནང་གི་ཇ་ཡི་བྲོ་བ་རེ་ཞིག་སྟོང་པའི་ངང་དུ་འཐིམ།།

ཉ་བེ་ཉོབ་ཀྱིས་ཁང་བཟང་དེ་ཡང་མིག་གི་མཐོང་དུས་སུན་སྣང་སྐྱེས།།

 

ཏ་ཀུ་ལག་ཏུ་ཐོགས་པའི་བརྒྱད་བཅུའི་རྒན་ཁོགས་སྐྲ་དཀར་མན་ཆོད་ནས།།

ཐ་ན་རྙེད་པར་དཀའ་བའི་མི་ལུས་རིན་ཆེན་ལན་གཅིག་ཐོབ་གྱུར་ནས།།

ད་ལྟ་ཨ་མའི་མངལ་ནས་མི་ཡི་ཡུལ་འདིར་སླེབས་མ་ཐག་པ་ཡན།།

ན་འཆི་ཞེས་པའི་འཕྲང་ལམ་དེ་རུ་སྔོན་དུ་སུ་འགྲོའི་གདམ་ཀ་མེད།།

 

པ་ཕ་ཞིག་ནི་རང་གི་མིག་ཟུང་གཅེས་པའི་བུ་ཡི་གདོང་ལ་ཅེར།།

ཕ་རྒན་ནད་པའི་ཉལ་ཁྲིའི་སྔས་མགོ་བུ་ཕྲུག་ཟུང་གིས་མིག་ཆུ་གཏོང་།།

བ་མོས་བཅོམ་པའི་སྟོན་ཐོག་བཞིན་དུ་ལུས་ཟུངས་ཉམས་པའི་ཨ་མའི་པང་།།

མ་དང་མ་ཞེས་ངུ་སྐད་ལྷན་དུ་དམར་འབྱར་ཞིག་གིས་འོ་མ་འཐུང་།།

 

ཙ་ར་ཀ་ཡིས་ཉིན་མཚན་བར་མེད་ནད་པའི་ལུས་ལ་དཔྱད་ན་ཡང་།།

ཚ་གྲང་གཉིས་ཀྱི་ནད་ཀྱིས་བཏབ་པའི་ཉམ་ཆུང་ནད་པའི་ཁ་ངོ་ལས།།

ཛ་དྲག་ཆེ་བའི་སྣང་ཚུལ་སྐྱུར་མོས་ཚོར་བའི་ཁ་དོག་གྲང་བའི་ཚེ།།

ཝ་མོ་བཞིན་དུ་སྡར་བའི་ནར་སིས་མིག་གིས་མཐོང་དུས་སྙིང་རྩ་འདར།།

 

ཞ་ལོང་མིན་ལ་བདེ་ཞིང་སྐྱིད་པའི་འཚོ་བས་ད་ལྟ་ལྷོད་ན་ཡང་།།

ཟ་བྱེད་འཆི་བདག་འཇིགས་རུང་དེ་ཡིས་སྐེ་ལ་ཞགས་པ་ཐེབས་པའི་ཚེ།།

འ་འུར་སྐད་ཀྱིས་འཇིག་རྟེན་བསྒུལ་ཡང་སྐྱོབ་པའི་ནུས་པ་སུ་ལ་མེད།།

ཡ་ང་མེད་པའི་འཆི་བདག་འདི་ལ་ང་ནི་སྙིང་ནས་ཁོང་ཁྲོ་ཟ།།

 

ར་བ་གངས་ཀྱིས་སྐོར་བའི་ཕ་ས་ཕ་ཡུལ་རི་ཆུ་སྟོང་གིས་ཆོད།།

ལ་དང་ལུང་པ་གོམ་གྱིས་འཇལ་ནས་རྒྱུས་མེད་གཞན་ཡུལ་སྨན་ཁང་ལྷུང་།།

ཤ་ཁྲག་འབྲེལ་བའི་ཕ་མ་སྤུན་མཆེད་སྐད་ཀྱིས་བོས་ཀྱང་ཉེ་སར་མེད།།

ས་མཐའ་འདི་རུ་གདུང་བས་མནར་བའི་ནད་པ་འདི་ནི་ཨ་མའི་བུ།།

 

ཧ་ཅང་ན་ནས་ལུས་ཀྱི་ཕུང་པོ་རྐང་པ་ཟུང་གི་མི་ཁྱོག་ཡང་།།

ཨ་ར་ཨ་ནའི་ཚིག་གཅིག་མི་ཤོར་ཨམ་གཙིགས་བསྡམས་པ་གདོང་དམར་བུ།།

ཧ་ལམ་མིན་ན་གཞན་ཞིག་ཡིན་ན་ད་ལྟ་འཚོ་བའི་རེ་བ་མེད།།

ཨ་མའི་བུ་ཁྱོད་སེམས་ཀྱི་རྒྱ་ནི་སུ་དང་གང་གིས་ཚད་དུ་མེད།།

 

                    ༢༠༡༧༢༠

 

རྩོམ་ཡིག་འདི་ཐེངས་ 407 བཀླགས་འདུག