Web Toolbar by Wibiya
 
ཀ་ནས་ཨ་བར ། Friday, 04 August 2017 04:13 PDF Print E-mail

ནགས་ཀྱི་ཤིང་ལོ་ནས་
ཀ་བ་མེད་པའི་ཁང་ཆུང་གྲུ་བཞི།།
ཁ་དོག་དབེན་པའི་ཞ་ལ་སྐྱ་ཐིང་།།
ག་བ་སོང་ཡང་སྒོ་ལྕགས་མེད་པ།།
ང་རང་རེ་ཞིག་འདུག་སའི་གནས་ཚང་།།

ཅ་ཅོ་མེད་པ་དབེན་པའི་གནས་འདྲ།།
ཆ་རྐྱེན་མོད་པོ་ཀླུ་ཡི་ཡུལ་བཞིན།།
ཇ་ཤིང་འདྲ་བའི་ནགས་ཀྱི་དཀྱིལ་ན།།
ཉ་ཆུ་ལྟར་དུ་དཔེ་ཀློག་རོལ་བཞིན།།

ཏ་ལེར་གསལ་བ་ཞུ་བ་སྤྱིར་བསྟན།།
ཐ་ར་ར་རུ་ངག་ནས་ཐོན་དུས།།
ད་ལོའི་དགུན་གྱི་བར་སེང་འདི་ནི།།
ན་ནིང་ལས་ནི་སྡུར་དུ་མི་བཏུབ།།

པ་རུ་པུ་རུ་དགོང་མོའི་མཚམས་སུ།།
ཕ་གི་གྲོང་པའི་རྩེད་ཐང་ར་བ།།
བ་རེ་བོ་རེ་ཅུང་ཙམ་གཡེང་བ།།
མ་གཏོགས་གང་ནུས་བརྩོན་ཁུལ་བྱེད་བཞིན།།

ཙ་རེ་བ་ཡི་སྦྱོར་བའི་ཚེ་ན།།
ཚ་བ་མ་གཏོགས་གཞན་པའི་དགྲ་མེད།།
ཛ་དྲག་མེད་པར་ག་ལེར་སྐྱོར་དུས།།
ཝ་ལེར་འཆར་བ་ཞུ་བ་སྤྱིར་བསྟན།།

ཞ་དང་ཞོར་དུ་སྙུ་གུ་བཟུང་ནས།།
ཟ་འཐུང་བར་དུ་ཡིད་ལ་འཆར་བའི།།
འ་འུར་མེད་པར་ཁུ་སིམ་ངང་དུ།།
ཡ་མ་བརླ་ཡི་སྙན་ངག་འབྲི་བཞིན།།

ར་སྐོར་མེད་པའི་ཁང་ཆུང་ཙོག་ཙོག །
ལ་ཐུར་དབེན་པའི་འགྲོ་ལམ་ཀྱག་ཀྱོག །
ཤ་མདོག་ནག་པའི་ཡུལ་མི་སྐྱོ་བོ།།
ས་ཁུག་འདི་ན་ཅི་འདྲ་འཛོམས་འདུག །

ཧ་དང་ཨ་གཉིས་ཅི་འབྲི་མ་རྙེད།།
ཨ་སྟོང་རྒྱག་བཞིན་བསམ་གནོ་སྐོར་དུས།།
ཧ་ལམ་མིན་ན་ད་ནི་རྫོགས་འདུག །
ཨ་ཀྱང་རྩེད་མོ་ཞིག་གིས་མཇུག་བསྡུས།།

༢༠༡༧—༢—༩

རྩོམ་ཡིག་འདི་ཐེངས་ 414 བཀླགས་འདུག