Web Toolbar by Wibiya
མདུན་ངོས། རྩོམ་ཡིག སྙན་རྩོམ། ཟླ་བར་བཏགས་པའི་འབོད་སྒྲ་སྙི་མོ།
 
ཟླ་བར་བཏགས་པའི་འབོད་སྒྲ་སྙི་མོ། Friday, 04 August 2017 04:05 PDF Print E-mail

ནགས་ཀྱི་ཤིང་ལོ་ནས།
གསེར་མདོག་རྒྱ་ཕིབས་ཉི་མའི་འོད་དང་འདྲེས།།
འཁའ་རུ་འགྱིངས་པའི་རི་དྭག་ཆོས་འཁོར་མཛེས།།
སྣ་ལྔའི་མཚོན་ལྡན་ཆོས་དར་ལྷབ་ལྷུབ་གཡོ།།
གཡས་གཡོན་ཤིང་ལོའི་གསེང་ནས་བྱ་བྱིའུ་འགྱུར།།

རབ་མཛེས་བཀོད་ལེགས་ཡིད་འོང་གཙུག་ལག་ཁང་།།
རབ་བརྗིད་འཁར་རྔའི་སྒྲ་དབྱངས་རྣ་བར་ལྷུང་།།
རབ་ཡངས་བྱེས་ཀྱི་གྲྭ་ཚང་ཆོས་ར་ན།།
རབ་དམར་འདུས་པའི་ཚོགས་ཀྱིས་ཡོངས་སུ་བཀངས།།

ཡོད་པ་མེད་པར་སྒྲུབ་པའི་ཁ་ཕོ་མེད།།
མེད་པ་ཡོད་པར་ལྟ་བའི་དམ་བཅའ་མེད།།
ཡོད་མེད་འཐའ་ལས་བྲལ་བའི་གནས་ལུགས་དངོས།།
ལུང་རིགས་དྲི་མ་མེད་པས་གཏན་ལ་འབེབ།།

སྔ་རྒོལ་ཁས་ལེན་བྲག་གི་རི་བཞིན་སྲ།།
ཕྱི་རྒོལ་རིགས་པ་གློག་གི་འཁྱུག་ལས་མྱུལ།།
རྩོད་ལན་གཞུང་གི་བློ་སྐྱེད་ཆེ་ན་ཡང་།།
འཁྱམ་པོའི་སེམས་པ་རེ་ཞིག་མཁའ་རུ་ཤོར།།

མཚན་རླུང་འཇམ་པོའི་རེག་བྱའི་བར་གསེང་ནས།།
ཤར་གྱི་ཐིག་ལེའི་འོར་གུར་ཕུབ་པའི་དུས།།
སེམས་ཀྱི་གཤོག་པ་ཐད་དུ་རྐྱོང་བཞིན་དུ།།
སྐར་མའི་གསེང་དུ་ལྷོད་ཀྱིས་འཕུར་ནས་འགྲོ།།

སྤྲིན་དང་རླུང་བུའི་རྒྱུ་ཕྱོགས་དེ་ཡི་འོག །
སུ་དང་གང་གི་རྟོགས་སུ་མེད་པ་ཡི།།
རྒྱང་བཞུད་ཚོར་བའི་ཁ་དོག་སྙི་མོ་དེ།།
མཚན་མོའི་ཟླ་བའི་གཟུགས་སུ་འཁྱུད་ནས་ཡོད།།

མཁའ་རུ་ཤར་བའི་ཟླ་བའི་འོད་དཀར་དེ།།
བྱམས་ལྡན་མ་ལོའི་འཛུམ་ཞལ་ཡིན་ན་སྙམ།།
ཟླ་གཟུགས་འོག་གི་རྣམ་ཤེས་དམར་པོ་འདི།།
ཨ་མར་དུངས་བའི་ཚོར་བ་གསོན་པོ་ཞིག །

ལྡུམ་རའི་ནང་གི་ཆུ་སྐྱེས་ཀུ་མུད་དེ།།
ཁེར་རྐྱང་འཚོ་བའི་འཁྱམ་པོ་ཡིན་ན་སྙམ།།
འདབ་མར་ཕོག་པའི་ཟླ་བའི་འོད་ཐིགས་འདི།།
བྱམས་ལྡན་ཨ་མས་བརྩེ་བའི་ཁ་དོག་ཅིག །

ཟླ་འོད་མཁའ་རུ་ཤར་བའི་མཚན་ལྗོངས་སུ།།
ཁེར་རྐྱང་ཨ་མ་དྲན་པའི་དུང་བ་འདི།།
ཟླ་བའི་འོད་ལ་བཏགས་ནས་བསྐུར་ཡོད་པས།།
བྱམས་ལྡན་མ་ལོ་ཁྱེད་ཀྱིས་ཨེ་ཚོར་ལགས།།

རྩོམ་ཡིག་འདི་ཐེངས་ 382 བཀླགས་འདུག