Web Toolbar by Wibiya
མདུན་ངོས། རྩོམ་ཡིག སྙན་རྩོམ། སེམས་ཀྱི་དག་ཞིང་།
 
སེམས་ཀྱི་དག་ཞིང་། Friday, 04 August 2017 03:10 PDF Print E-mail

ནགས་ཀྱི་ཤིང་ལོ་ནས།

མཁའ་རུ་འཁྲིགས་པའི་ལང་ལོང་ཆུ་ཁུར་ཞིག །
སྒྲ་ལྡན་འོག་ནས་སིབ་སིབ་ཆར་ཟིམ་ཞིག །
རང་བཞིན་མ་བརྫུས་རང་བྱུང་ངོ་མ་ཞིག །
མིང་ཞིག་བོས་ན་སེམས་ཀྱི་སྦྲང་ཆར་ཡིན།།

 རྐང་འཐུང་རྩེ་ན་བཏགས་པའི་འདབ་བརྒྱ་ཞིག །
མིག་གི་ལམ་ན་མཛེས་པའི་འདབ་མ་ཞིག །
རང་བཞིན་དྲི་མས་དབེན་པའི་ཟེའུ་འབྲུ་ཞིག །
མིང་ཞིག་བཏགས་ན་སེམས་ཀྱི་མེ་ཏོག་ཡིན།།

ལོ་མའི་སྣེ་ནས་ལྷུང་བའི་ཐིགས་པ་ཞིག །
ལྕེ་ཐོག་བདུད་རྩི་འདྲ་བའི་མངར་མོ་ཞིག །
རང་བཞིན་བཅོས་ཀྱིས་མ་ལྷད་དྭངས་མ་ཞིག །
མིང་ཞིག་བཏགས་ན་སེམས་ཀྱི་ཐིགས་པ་ཡིན།།

ཡལ་གའི་བར་ནས་གྲགས་པའི་སྒྲ་དབྱངས་ཤིག །
རྣ་བའི་བུ་རམ་འདྲ་བའི་སྙན་མོ་ཞིག །
རང་བཞིན་འཇམ་དང་མཉེན་པའི་འགྱུར་ཁུགས་ཤིག །
མིང་ཞིག་བོས་ན་སེམས་ཀྱི་ཆོས་སྒྲ་ཡིན།།

ཚང་ཚིང་ནགས་ཀྱིས་བསྐོར་བའི་འཁོར་ཡུག་ཞིག །
ཆོས་སྒྲ་མ་གཏོགས་ཁ་ཁུ་སིམ་པོ་ཞིག །
རང་བཞིན་མ་བསླད་དོན་གྱི་དབེན་གནས་ཞིག །
མིང་ཞིག་འབོད་ན་སེམས་ཀྱི་དག་ཞིང་ཡིན།།

༢༠༡༧—༧—༧

རྩོམ་ཡིག་འདི་ཐེངས་ 449 བཀླགས་འདུག