Web Toolbar by Wibiya
མདུན་ངོས། རྩོམ་ཡིག དཔྱད་རྩོམ། བོད་ཡིག་དང་ནང་ཆོས་ཀྱི་འབྲེལ་བ་གླེང་བ།
 
བོད་ཡིག་དང་ནང་ཆོས་ཀྱི་འབྲེལ་བ་གླེང་བ། Sunday, 25 January 2015 15:41 PDF Print E-mail

ནགས་ཤོད་སྐལ་རྒྱན།      

བོད་ཡིག་འཚོ་སྡོད་བྱེད་སའི་ནང་ཆོས་ནི་བོད་བརྒྱུད་ནང་བསྟན་ཞེས་པ་ཆེས་གནའ་བོའི་ལོ་རྒྱུས་ཡུན་རིང་ལྡན་པའི་གལ་ཆེའི་རིག་པའི་གཞུང་ལུགས་དེ་རེད། དེང་སྐབས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་དང་རྩ་འཛིན་གྱིས། དབྱིན་རྒྱ་སོགས་ལ་གསར་དུ་བསྒྱུར་བ་མང་པོ་ཡོད། འདི་ནི་བོད་བརྒྱུད་ནང་བསྟན་གྱི་མཛད་ཕྲིན་གསར་པ་ཞིག་མངོན་པ་ངོས་འཛིན་བྱེད་ཆོག་ཀྱང་། སྐད་ཡིག་དེ་དག་ཏུ་ནང་བསྟན་གྱི་ཚད་གཞི་ཇི་ཙམ་ལོན་མིན་གྱི་དོགས་གཞི་ཁ་ཤས་ལྷག་ཡོད།

           གཅིག་བོད་ཡིག་གི་ཉམས་འགྱུར་དང་རོ་བཅུད་ཕུན་སུམ་ཚོགས་པའི་ཁྱད་པར་ཇི་བཞིན་ཐོན་མིན་དང་། གཉིས་ལོ་ཙཱ་བས་ཆུ་ཚད་ཇི་ལྟར་ཟིན་མིན་བརྗོད་དཀའ་ནའང་དེང་སྐབས་ཁ་སྔ་དང་ལག་མགྱོགས་སུས་བྱས་ཀྱང་བཀས་བཅད་སོགས་ཁྲིམས་སྲོལ་ཅི་ཡང་མེད་སྟབས་བཀོལ་སྤྱོད་ལམ་ལྷོང་དུ་འགྲོ་བཞིན་པ་མ་ཟད། ལོ་ཙཱ་བས་སྐད་གཉིས་གཅིག་ཅོག་བྱས་ནས་བསྒྱུར་བ་སོགས་སྟབས་བདེའི་གྲོན་ཆུང་དང་ཁེ་གྲགས་ལ་རྔམ་པ་ཞིག་ཡིན་ཡང་ཕུགས་སུ་ཧ་ཅང་ཞན་ཆ་ཡོད་པ་སྨོས་མ་དགོས།
གསུམ་སྔར་གྱི་ལོ་ཙཱ་ཚོས་རྒྱ་དཔེ་བོད་བསྒྱུར་བྱེད་སྐབས་རང་ཉིད་ཕུལ་བྱུང་གི་ལོ་ཙཱ་ཞིག་ཡིན་ཡང། རྒྱ་དཔེ་ལ་ཆེས་མཁས་པའི་པཎ་ཊི་ཏ་དང་ངེས་པར་ཟུང་འབྲེལ་གྱིས་མིང་དོན་སྡེབ་སྦྱོར་སོགས་སྒྲ་དོན་གོ་འཛོལ་མི་ཡོང་བའི་བརྟན་བརླིང་གི་རང་བཞིན་གཙིགས་འཛིན་བྱས་ནས་བསྒྱུར་གྱི་ཡོད། དེ་བཞིན་ཆོས་རྒྱལ་ཚོའི་བཀས་བཅད་སོགས་ཀྱིས་ཚད་གཞི་ངེས་ཅན་ཟིན་ཡོད་པ་བཅས་ཆེས་རིན་ཐང་ལྡན་པ་གྱུར་ཡོད།
         དེང་དུས་ལོ་ཙཱ་བ་དག་གིས་བསླབ་བྱ་དེ་དག་ལག་ལེན་དང་ཉམས་བཞེས་མི་མཛད་པ་ཆེས་བློ་ཕམ་གྱི་རང་བཞིན་དང། ནང་ཆོས་འདི་གསོན་ས་ནས་འཆི་ལམ་དུ་བསྐྱལ་བ་ལྟ་བུ་འབྱུང་ཉེན་ཆེ་བས་ཆེས་ཉེན་ཁའི་གནས་སུ་གྱུར་ཡོད། འདས་པའི་བྱུང་རིམ་ནང་བོད་བརྒྱུད་ནང་བསྟན་འདི་བོད་ཡིག་འཚོ་སྡོད་བྱེད་སའི་གལ་ཆེའི་ར་བ་ཞིག་དང་། ར་བ་འདིའི་ཕྱི་རོལ་དམངས་ཁྲོད་དུ་ཕལ་མོ་ཆེར་ཡིག་རྨོངས་པ་ཡིན་སྟབས་བཀོལ་སྤྱོད་ཀྱི་རང་བཞིན་དོན་གྱིས་འགགས་པ་སོགས་བོད་ཡིག་ལ་འབྲེལ་འདྲིས་ཆེར་མེད་པའི་ཁོར་ཡུག་ཅིག་ཆགས་ཡོད། ནང་བསྟན་གྱི་ར་བ་འདིར་བོད་ཡིག་གིས་ཉིན་མཚན་འཁོར་མོ་ཡུག་ཏུ་རྩེ་རྒོད་དང་སྐྱོ་གར་ཅི་ཡང་འབྱིན་ཆོག་པས་བོད་ཡིག་སྐྱེད་སྲིང་བྱེད་སའི་གལ་ཆེའི་ར་བ་ཞིག་དང་། སེར་མོ་བའི་གླིང་ག་འདི་ཡང་བོད་ཡིག་འགྲུལ་བཞུད་ཀྱིས་དགའ་སྐྱོའི་སེམས་ཚོར་འདྲེན་སའི་དགའ་ཚལ་དངོས་དེ་ཆགས་ཡོད། འདི་དག་སྔོན་དུས་སུ་བོད་ཡིག་གིས་དངོས་ཀྱི་འཚོ་སྟངས་མདོར་བསྡུས་རེད།
     ད་ལྟར་ཡར་རྒྱས་དང་ཉམས་གུད་གང་ཞིག་སོང་མིན་ནི་བོད་ཡིག་གི་ངོ་བོ་དང་ཁྱབ་ཚད་གཉིས་ལས་ངོ་བོའི་སྒོ་ནས་གླེང་དགོས་སྙམ། དེང་སྐབས་བོད་ཡིག་གིས་ཁྱབ་ཚད་སྔར་ལས་ཚད་གཞི་མཐོ་ཡང་ཡར་རྒྱས་སུ་འདོད་མཁན་ཧ་ཅང་ཉུང་ཉུང་རེད། ཕྱི་གླིང་ལྟ་ཞོག་བོད་མིར་མཚོན་ན་སྔར་དུས་སུ་གྲྭ་བཙུན་དང་སྐུ་དྲག་ལྟ་བུ་ཉུང་ཤས་ལས་ཡིག་རྨོངས་སེལ་མེད་ཀྱང་བོད་ཡིག་གི་གནས་རིམ་ཧ་ཅང་མཐོན་པོར་ཡོད་པ་ངོས་འཛིན་གཅིག་གྱུར་ཆགས་ཡོད། ད་ཆར་ཉམས་ཆགས་སུ་འདོད་མཁན་དག་གིས་ཁྱབ་ཚད་ལ་བསམ་བློ་བཏང་མེད་པ་གསལ་པོ་རེད། ཡིད་ཕམ་བཅས་སྡུག་སྐད་དང་སྐྱོན་བརྗོད་སྐབས་སྤུས་ཚད་མེད་པའི་བསམ་ཚུལ་ཤུགས་ཆེར་འདོན་ཀྱི་ཡོད་པས། དེ་དག་གིས་ཡིག་རྨོངས་ཇི་ཙམ་སེལ་མིན་དང་ཁྱབ་ཚད་ཀྱི་གནས་བབ་མ་ཤེས་པ་རྩ་བ་ནས་མ་རེད། ཚད་འཛིན་དང་དཔྱད་བསྡུར་བྱེད་ས་སྔར་གྱི་གནས་ཚད་ལ་གཞིགས་ནས་ད་སྐབས་ཉམས་ཆགས་སུ་སོང་བར་འདོད་པ་རེད། རྒྱུ་མཚན་དེ་དག་གིས་ཡང་སྙིང་ཡར་རྒྱས་དང་ཉམས་གུད་གང་ཞིག་སོང་མིན་ངོ་བོའི་གནས་ཚད་དག་ལས་གླེང་གི་ཡོད་པ་གསལ་པོ་རེད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྐད་ཡིག་བཀོལ་སྤྱོད་སོགས་ལ་མཚུངས་བསྡུར་སྐབས་ཁྱབ་ཚད་ལ་བཤད་དགོས་པ་དོན་དངོས་དང་། དེ་དག་གིས་གཙོ་བོ་ཁྱབ་ཚད་ཀྱི་ནུས་ཤུགས་དང་འཕེལ་རྒྱས་ཀྱི་རང་བཞིན་བཤད་བཞིན་ཡོད་པས། སྐབས་སོ་སོའི་བཤད་ཚུལ་ལས་གཅིག་མཚུངས་སུ་འདོད་མི་རུང་སྙམ།   འབྱུང་འགྱུར་དུ་བོད་ཡིག་གང་དུ་འཚོ་ཞེས་པ་གལ་ཆེའི་དྲི་བ་དངོས་རེད། སྔར་ལྟར་ནང་བསྟན་གྱི་ཁོར་ཡུག་འདིར་འཚོ་ཐབས་གཅིག་པུར་རེ་སྨོན་མི་བྱེད་པར་དམངས་ཁྲོད་དུ་འཁོར་ཡུག་སྟབས་བདེ་ཞིག་ངེས་པར་འཚོལ་རྒྱུ་དེ་དྲིས་ལན་རེད།