Web Toolbar by Wibiya
 
གདུག་འདྲེ་ཐུག་པ། Friday, 04 August 2017 04:31 PDF Print E-mail

ནགས་ཀྱི་ཤིང་ལོ་ནས།
ང་རོགས་པ་གཉིས་དང་མཉམ་དུ་གུང་སེང་དང་ལྷན་དཔེ་མཚམས་སུ་ཧུན་སོར་རབ་རྒྱས་གླིང་ཞེས་པའི་བོད་པའི་གཞིས་ཆགས་ཤིག་ཏུ་བསླེབས།

 སྡོད་ས་ནི་དེ་སྔོན་བོད་ཞུང་གི་དཔལ་འབྱོར་ལས་ཁུངས་ཞེས་པ་ཕྱིས་སུ་སྒོ་བརྒྱབས་སོང་བ་ཞིག་རེད། དེར་ནི་ཧ་ཅང་གིས་ཁུ་སིམ་ཞིག་སྟེ་དེའི་ཉེ་འཁྲིས་སུ་མི་ཚང་དང་ཟང་ཟིང་དེ་འདྲ་གང་ཡང་མེད་དེས་མ་ཚད་ཁང་པ་ཡང་ཧ་ཅང་གིས་ཆ་རྐྱེན་བཟང་པོ་རེད་ལ་དཔེ་མཚམས་འགྲོ་ས་དེ་ལས་ལྷག་པ་ཞིག་ངས་ད་བར་མ་རྙེད། ང་ཚོ་སྡོད་ས་ཁང་པ་ནི་མི་སྡོད་ས་ཁང་མིག་གཉིས་དང་དཀྱིལ་དུ་ཁ་ལག་ཟ་ས་འདྲ་བོ་བར་ཁྱམས་ཆེན་པོ་ཞིག་དང་དེ་མིན་འཁྲུས་ཁང་དང་སྤྱོད་ཁང་མཉམ་དུ་ཡོད་པ་ཞིག་དང་ཐབ་ཚང་སྤུས་དག་ཞིག་ཀྱང་ཡོད་པ་རེད། ཁང་པའི་མདུན་ནས་སྒོ་གཅིག་དང་ཡང་སྦུག་གི་སྡོད་ཁང་ནས་ཕྱི་རུ་དོན་སའི་སྒོ་གཅིག་འདུག་ཆ་རྐྱེན་གལ་ཆེ་ཤོས་ནི་ཆུ་དང་གློག་ཡིན་པས་ཆུ་ནི་ག་ཚོད་བེད་སྤྱད་སྤྱད་དང་གློག་ཡང་འགྲིག་ཐག་ཆོད་རེད་འདུག་ཁོང་གཉིས་མཉམ་དུ་སྦུག་གི་ཁང་པ་དེའི་ནང་དུ་བསྡད་ང་གཅིག་པོ་ཁང་པ་གཞན་པ་དེར་སྡོད་ཀྱི་ཡོད། འཁོར་ཡུག་ནི་གཡས་གཡོན་དང་མདུན་ནས་ཤིང་ནགས་ཀྱི་ལྕགས་རི་སྐོར་བ་དང་འདྲ་ཞིང་ཤིང་རྩེ་ནས་བྱ་དང་བྱིའུའི་སྐད་སྒྲ་ནི་རྣ་བའི་གསོས་སུ་གྱུར།

 ཉིན་པར་བ་ཕྱུགས་རྣམས་རྩྭ་ཆུ་ལ་རོལ་ཞིང་ཉིན་གུང་ཚ་བ་ཆེ་དུས་ང་ཚོ་ཡོད་སའི་ཁང་པའི་གཡས་གཡོན་དུ་ཚ་གཡོལ་ཆེད་དུ་སྐྱིད་ཉལ་བྱེད་པ་མཐོང་དུས་ཆུང་ཆུང་སྐབས་སུ་ནོར་ལུག་འཚོ་དུས་ཀྱི་དབྱར་ཁའི་སྤང་ལྗོངས་སུ་སྐྱུག་ལྡད་ཉིལ་ལེར་ཉལ་བའི་ནོར་ལུག་སོགས་དྲན་པའི་ངོས་སུ་ཁྲ་ལམ་མེར་དྲན་དུ་བཅུག་མཚན་མོ་གསོན་ཤུགས་རྒྱས་པའི་རྐང་མཐུང་གི་ཡལ་ག་གནམ་དུ་སྙེགས་པའི་ལོ་མའི་གསེང་ནས་བྱ་དང་བྱིའུ་རྣམས་ཀྱིས་སོ་སོའི་སྐད་གདངས་འདྲ་མིན་དལ་གྱིས་སྒྲོག་ཅིང་ལྷོད་ཀྱིས་ཉལ་དུས་མཚན་མོའི་འཇིག་རྟེན་འདི་ནི་ཅི་འདྲ་ཞིག་གི་ལྷིང་འཇགས་ཤིག་ཡིན་པའི་ར་སྤྲོད་བྱེད།

དེར་གཏན་སྡོད་དམ་ཁང་པ་དང་ཆུ་གློག་སོགས་ལྟ་མཁན་སྒང་དེའི་གྲོང་པ་ནས་ཡིན་པའི་རྒད་པོ་ཞིག་ཡོད་དེ་ཡང་མཚན་མོ་མ་གཏོགས་ཉིན་པར་སྡོད་ཀྱི་མེད་དེ་མིན་གཡས་ཕྱོགས་ཀྱི་ཁང་པ་ཆེན་པོ་དེའི་ནང་རྒྱ་གར་དང་བལ་པོ་ནས་ཡིན་པའི་ཤིང་བཟོ་བ་ཁ་ཤས་ཤིག་ལས་གཞན་ཟང་ཟིང་གི་རྣམ་པ་གང་ཡང་མེད་པར་ཁུ་སིམ་མེར་ཡོད་པའི་གནས་ཤིག་རེད། གནས་དེ་རུ་རང་གི་བརྩོན་པས་འཇོན་ན་མཚན་གང་དཔེ་ཆ་སྐྱོར་བ་ཡིན་ན་ཡང་སུ་ཞིག་གིས་གཉིད་ཁུག་གི་མི་འདུག་སུན་པོ་འདུག་ཟེར་མཁན་མེད་ལ་རང་གིས་ཀྱང་སུ་ཞིག་ལ་སུན་པོ་ཡོད་ཀྱི་རེད་སྙམ་པའི་སེམས་ཁྲལ་ཡང་མི་དགོས། ཡང་ན་རང་ཉིད་ཉོབ་ཅིང་དུབ་པའི་སྐབས་སུ་བག་ཡངས་ཀྱི་ཡར་མཆོང་མར་ལྡིང་སོགས་གང་བྱེད་ཀྱང་སུ་ལ་སྟུན་དགོས་མེད་པས་རང་དབང་ཤིན་ཏུ་ཆེ་ས་ཞིག་ཡིན།  ད་ནི་གང་ཞིག་བཤད་པར་འདོད་པའི་དོན་ལ་མར་བབས་ན། ང་ཚོ་དེར་བསླེབས་ནས་ཉི་མ་བདུན་གཅིག་ཏག་ཏག་འགྲོ་བ་ལ་ཞག་གཅིག་དགོས་པའི་ཉིན་ཞིག་སྟེ་དེའི་ཉིན་མོ་ངའི་རོགས་པ་གཉིས་བྱ་བ་ཞིག་གི་སླད་དུ་སེ་ར་ལ་འགྲོ་དགོས་བྱུང་དེ་ཡང་ཁོང་གཉིས་རེས་གཟའ་ཟླ་བའི་དགོང་མོ་ཡར་ཕྱིན་ནས་གཟའ་མིག་དམར་ལ་མར་ཡོང་ཡག་གི་སྐད་ཆ་བྱུང་སོང་། ཁོང་གཉིས་ཀྱི་ང་ལ་གལ་སྲིད་ཁྱེད་རང་མཚན་ལ་གཅིག་པོར་ཉལ་ཡག་ཞེད་ཀྱི་འདུག་ན་ང་གཉིས་གཟའ་མིག་དམར་གྱི་ཞོགས་པ་ཡར་ཕྱིན་ནས་དགོང་མོ་མར་བསླེབ་ཡོང་ཟེར། དེ་དུས་ངས་ག་བ་ག་བ་ག་རེ་ཞེད་ཡག་ཡོད་རེད་ཁྱེད་རང་གཉིས་དེ་རིང་སོང་ལབ་པ་ཡིན་ཞེད་རྒྱུ་ཅི་ཡོད་དྲན་སོང་། དེ་ནས་ཁོང་གཉིས་ཉིན་གུང་ཁ་ལག་ཟས་ཚར་བ་མཉམ་དུ་སེ་རར་ཆས་སོང་ང་ཡང་མར་ཙམ་དེར་འཁྱམས་ནས་ཉིན་རྒྱབ་ཆུ་ཚོད་གཉིས་པ་ཙམ་ལ་ཡར་ནང་དུ་བསླེབས་སོང་། དེ་ནས་ང་རང་གཅིག་པོར་དཔེ་ཆ་ཏོག་ཙམ་སྐྱོར་ནས་དགོང་མོའི་ཆུ་ཚོད་ལྔ་པ་ཟིན་ལ་ཉེ་ང་རང་གཅིག་པོར་ཟ་མ་བཟོ་མ་འདོད་པས་ང་ཚོ་སྡོད་ས་དེ་ནས་སྐར་མ་བཞི་ལྔ་ཙམ་གོམ་པ་རྒྱབ་ནས་སོང་ན་ཟ་ཁང་ཞིག་ཡོད་པས་དེར་སོང་ནས་དགོང་མོའི་ཁ་ལག་དེ་ཟས་ནས་མར་ལོག་ཡོང་བ་ཡིན། ནང་དུ་སླེབས་དུས་ས་རུབ་ལ་ཉེ་ཁང་པ་ཆེན་པོ་དེའི་ནང་གཅིག་པོར་སྡོད་དུས་ཏོག་ཙམ་ཉོབ་སྣང་འདུག་པས་ཕྱི་ལོགས་སུ་ཡར་འགྲོ་མར་འགྲོ་ཁ་ཤས་བྱས་དེ་ནས་ས་ཡོངས་སུ་རུབ་སོང་ནམ་རྒྱུན་ང་རང་ཆུ་ཚོད་བརྒྱད་པ་ཡོལ་ཙམ་ནས་ཁང་པའི་རྒྱབ་ཀྱི་གཞུང་ལམ་ཡོད་ས་དེར་སོང་ནས་དཔེ་ཆ་སྐྱོར་གྱི་ཡོད་རྒྱུ་མཚན་ནི་དེར་གློག་སྡོང་ཞིག་གི་རྩེ་ན་ཉི་གློག་ཡོད་པས་སྤྱིར་སྟངས་ཀྱི་གློག་ཤི་ན་ཡང་ཉི་གློག་དེ་འབར་གྱི་ཡོད་པས་ཡིན། ཡིན་ན་ཡང་དེའི་མཚན་མོ་དེར་དཔེ་ཆ་སྐྱོར་དུ་འགྲོ་མ་འདོད་རྒྱུ་མཚན་ནི་ང་རང་གཅིག་པོར་ཡིན་པས་ཏོག་ཙམ་ཉོབ་པ་འདྲ་རྒྱུ་མཚན་གཞན་ཞིག་ནི་ངའི་རོགས་པ་གཅིག་གིས་དེབ་གཅིག་ཁྱེར་འདུག་པས་དེ་ཀློག་འདོད་ནས་ཡིན།