Web Toolbar by Wibiya
མདུན་ངོས། རྩོམ་ཡིག སྒྲུང་རྩོམ། ཨ་མ་སྒྲོལ་མའི་ལས་དབང་།
 
ཨ་མ་སྒྲོལ་མའི་ལས་དབང་། Tuesday, 31 January 2017 05:53 PDF Print E-mail

                                                                                                                                                      དཀོན་མཆོག་རབ་བརྟན།

                 འཇིག་རྟེན་སྟེང་གི་མི་རེ་རེ་ལ་སྐྱིད་སྡུག་གི་གཏམ་རྒྱུད་མི་འདྲ་བ་རེ་རེ་ཡོད།

"གནའ་སྔ་མོ་སྔ་མོ་ཞིག་ལ་འཇིག་རྟེན་འདིར་ཉི་མ་བདུན་དང་ཟླ་བ་བདུན་ཡོད་པ་དང་། མུན་ཟེར་བ་ཞིག་གཏན་ནས་རུབ་རྒྱུ་མེད།" དུས་རྒྱུན་ལྟར་ཨ་མ་སྒྲོལ་མས་རང་གི་བྱིས་པ་གཉིས་ལ་གཏམ་རྒྱུད་ཅིག་ཤོད་འགོ་བརྩམས། དོ་ནུབ་ཟླ་བ་མེད་པས་ཁོ་མ་སྨད་ཚོའི་ཁང་ཆུང་ནང་སྨག་རུམ་གྱིས་ཁེངས་ཡོད་པ་ལས་སྲིན་བུ་མེ་འཁྱེར་གྱི་འོད་ཙམ་ཡང་མ་མཆིས།འདི་ལྟ་བུའི་མཚན་མོར། ཁྱིམ་མཚེས་ཚོའི་མཆོད་སྒྲོམ་སྟེང་སྤར་བའི་སྒྲོན་མེའི་འོད་ཟེར་ལ་ཟླ་བ་ཤར་བའི་མཚན་མོ་ལས་ལྷག་པའི་གསལ་ཆ་ཞིག་ལྡན་ཞིང་།

ནང་གི་ཐབ་ཁ་དང་དེའི་ཐོག་བསྐྱོན་པའི་སྣོད་རེ་ཟུང་། ཀ་བ། ཆག་སྒམ དེ་བཞིན་ཉལ་ཁྲི་དང་ཉལ་ཁྲིའི་ཐོག་ཉལ་བའི་མི་རྣམས་རབ་རིབ་ཅིག་མཐོང་ཐུབ་མོད། འོན་ཀྱང་སྒྲོལ་མ་མ་སྨད་གསུམ་ལ་མཆོད་མེ་སྤོར་བའི་མར་དང་དངུལ་མེད་པས། མཚན་མོའི་མཐའ་དང་མཚམས་མེད་པའི་མུན་ནག་སྟུག་པོས་ཁོ་མ་སྨད་ཚོ་དང་ཁོང་ཚོའི་ཁང་ཆུང་ཡོངས་སུ་བཏུམས་ཡོད། མོའི་བྱིས་པ་ཆེ་བ་སྟེ་ལོ་བདུན་ལ་སོན་པའི་བུ་ཆུང་དེ་མོའི་ཉལ་ཁྲིའི་མགོ་ན་བརྒྱབ་པའི་ཉལ་ཁྲིའི་སྟེང་སྔས་ཐུག་བྱས་ནས་ཉལ་ཡོད་ལ། མོས་བུ་མི་འཁྱག་པའི་ཆེད་དུ་རང་གི་སྤུ་རྫོང་སྟུག་པའི་རྩག་པ་བཟང་ཤོས་ནང་བསྙལ་བའི་ཐོག །རྙིང་ཟད་དུ་གྱུར་བའི་ཕྱར་བ་ཞིག་ཀྱང་སྟེང་དུ་བཀབ་ཡོད། བྱིས་པ་ཆུང་བ་སྟེ་ལོ་ལྔ་ལ་ཐོན་པའི་བུ་མོ་དེ་རང་གིས་རུམ་ནས་ཡོད། སྨག་དེ་ལྟར་སྟུག་རུང་མོས་རང་གི་བུས་མ་ནེ་རྩག་པའི་གོང་བ་ལ་བཏུགས་ཏེ་འགོ་བརྩམས་མ་ཐག་པའི་གཏམ་རྒྱུད་ལ་ཉན་ནས་ཡོད་པ་རྟོགས་ཐུབ། "སྐབས་དེ་དུས་གཟའ་སྒྲ་ཅན་ཞེས་པའི་བདུད་བྱ་ཞིག་ཡོད།" མོས་རུམ་དུ་ཡོད་པའི་བུ་མོའི་རྐང་པ་གཉིས་རང་ཉིད་ཀྱི་ཕོ་བར་བཏུགས་ཏེ་སྲོ་བཞིན་གཏམ་རྒྱུད་དེའི་འཕྲོ་མཐུད།"བདུད་བྱ་དེ་ནི་ཆེན་པོ་ཆེན་པོ་ཞིག་ཡིན་ཞིང་བྱམས་དང་སྙིང་རྗེའི་དྲི་མ་ཙམ་ཡང་མི་བྲོ་བས། དེས་སེམས་ཅན་མཐོང་ཚད་རིག་ཚད་ཚང་མ་ཁང་བྱིས་ཀྱིས་ས་ལ་འཐོར་བའི་འབྲས་རྡོག་སྒྲུག་སྒྲུག་བྱས་ནས་ཟ་རྐྱང་བྱེད་ཀྱི་ཡོད། ཅི་རེད། ཁྱོད་གཉིས་ཀྱིས་"འུན"མི་ཟེར་རམ། འདྲེ་ཡིས་ཉན་རྒྱུ་རེད།" "འུན། ཨ་མ། ངས་འུན་ཟེར་ཚར། ད་འདྲེས་ཉན་མི་སྲིད།" སྒྲོལ་མ་དང་སྔས་ཐུག་བྱས་ཏེ་ཉལ་བའི་བུ་ཆུང་གིས་ལམ་སེང་དེ་ལྟར་བཤད་པ་དང་། རུམ་གྱི་བུ་མོས་ཀྱང"འུན། ཨ་མ།འུན"ཞེས་སྨྲས་ཏེ་ལག་ཆུང་མོའི་འགྲམ་པར་རེག་ཙམ་དང་ལུས་པོ་འགུལ་ཙམ་བགྱིས་ནས་མགྱོགས་མྱུར་གཏམ་རྒྱུད་ཀྱི་མཇུག་མཐུད་དགོས་པའི་བརྡ་བསྟན། ངོ་མ་འདི་ནི་སྒྲོལ་མ་མ་སྨད་ཚོའི་ཁང་ཆུང་ནང་ཧ་ལམ་དགོང་མོ་རྟག་པར་འབྱུང་བའི་གནས་ཚུལ་ཞིག་ཡིན་ཏེ། ཨ་མ་སྒྲོལ་མས་ཁྱིམ་མཚེས་ཀྱི་རྫི་བོས་ལྷས་སུ་ཕབ་ཡོང་བའི་རྫི་གླའི་ཚབ་ཏུ་མོས་ཉིན་མོར་ཁྱིམ་མཚེས་ཀྱི་ཐག་འཐགས་རོགས་དང་། སྐྲ་སླ་རོགས། སྙི་བ་འདོན་རོགས་སོགས་ལས་ཀ་སྣ་ཚོགས་བྱེད་ཀྱི་ཡོད། སྒོ་ཕྱུགས་རེ་ཟུང་དེ་གདང་ལ་བཏགས་ཏེ་འོ་མ་བཞོས་རྗེས། དཀའ་ཚེགས་ཆེ་བའི་ཉིན་གཅིག་གི་ལས་ཀ་རྫོགས་པ་ཡིན། དེ་ནས་མ་སྨད་གསུམ་གྱིས་དགོང་ཟས་གང་སྔ་སྔ་ཟ་བ་དང་། གཅིན་པ་བཏང་ནས་གང་མགྱོགས་མགྱོགས་ཉལ་གྱི་ཡོད། རྒྱུ་མཚན་ནི་ཉེ་འཁོར་གྱི་ཁྱིམ་མཚེས་གཞན་ཚོ་ལྟར་ཁོ་མ་སྨད་གསུམ་ལ་སྒྲོན་མེ་སྤོར་བྱེད་ཀྱི་ས་སྣུམ་མང་པོ་མེད། བྱིས་པ་གཉིས་ཀྱིས་དེ་འདྲའི་སྔ་པོ་ཉལ་རྒྱུ་ལ་ངོ་རྒོལ་དང་སུན་སྣང་མི་བྱེད་པ་དང་། དེ་ལས་ལྡོག་སྟེ་དགོང་དྲོའི་གྲིབ་སོ་གུག་དུས་ནས་བྱིས་པ་གཉིས་ཉལ་རྒྱུར་བྲེལ་ནས་ཡོད་དེ། སྒྲོན་མེ་ལ་ཕུ་བཏབ་ནས་ཁང་ཆུང་ནག་འཐིབས་སེར་གྱུར་མ་ཐག །ཨ་མས་ཁོ་གཉིས་གཏམ་རྒྱུད་སྣ་ཚོགས་ཀྱི་འཇིག་རྟེན་ལ་ཁྲིད་དེ་ལྟད་མོ་ཅི་དགར་ལྟ་ཆོག་པས་ཡིན། གཏམ་རྒྱུད་ལ་ཉན་སྐབས་ཁོ་གཉིས་ཀྱིས་བྱ་དགོས་པའི་ལས་འགན་གཅིག་རང་ཡོད་པ་ནི།ཨ་མས་དབུགས་ལེན་པའི་ཆེད་དུ་ཤོད་མཚམས་འཇོག་སྐབས་ཁོ་གཉིས་ཀྱིས་ཉན་ཡོད་པའི་བརྡ་ལ་"འུན"ཟེར་དགོས་པ་དེ་ཡིན་ཞིང་། གལ་སྲིད་ཁོ་གཉིས་ཀྱིས"འུན"མ་ཟེར་ན།གཏམ་རྒྱུད་དེ་མཚན་མོའི་སྨག་རུམ་ནང་རླུང་བུ་དང་ལྷན་དུ་ཡར་མར་རྒྱུ་བཞིན་པའི་འདྲེ་རྣམས་ཀྱིས་ཉན་འགྲོ་ཟེར། འོན་ཀྱང་གཏམ་རྒྱུད་ནང་གི་དོན་རྐྱེན་ཛ་དྲག་ཆེ་དུས་དང་། མི་སྣ་རྣམས་གསོན་ཉམས་ཆེ་སྐབས་བཅས་ལ་ཁོ་གཉིས་ཀྱིས"འུན"ཟེར་རྒྱུ་བརྗེད་འགྲོ་བ་དང་། དོ་ནུབ་ཀྱང་བྱིས་པ་གཉིས་ཀྱིས་གཟའ་སྒྲ་ཅན་ཞེས་པའི་འཇིགས་སུ་རུང་བའི་སྣང་བརྙན་དེ་སེམས་སུ་སྒོམ་བཞིན་"འུན"ཟེར་རྒྱུ་ཕྲན་ཙམ་བརྗེད་སོང་བ་རེད། "ཡ་ཡ་་་། འགྲིགས་སོང་འགྲིགས་སོང་། གཟའ་སྒྲ་ཅན་ཞེས་པ་དེས་ཉེ་འཁོར་གྱི་སྲོག་ཆགས་ཚང་མ་བཟོས་ཚར་རུང་། ཁོའི་ཕོ་བ་ད་དུང་ཕྱེད་ཙམ་ལས་གང་མེད།" ཨ་མ་སྒྲོལ་མས་སླར་ཡང་གཏམ་རྒྱུད་དེའི་མུ་བསྟུད། "དེར་བརྟེན་ཁོས་ལྟོགས་རྔམ་ཆེན་པོས་གཡས་ལྟ་གཡོན་ལྟ་དང་ཡར་ལྟ་མར་ལྟ་བྱེད་དུས། ཉི་མ་སྤུན་བདུན་དང་ཟླ་བ་སྤུན་བདུན་བང་བསྒྲིགས་ནས་ནམ་མཁའི་དབྱིངས་སུ་འགྲོ་བཞིན་ཡོད་པ་མཐོང་། སྒྲ་ཅན་གྱིས་དེ་ཚོ་མཐོང་མ་ཐག་ཞེང་རྒྱ་ཆེ་བའི་གཤོག་པ་གཉིས་ཕག་སྒྲ་དང་བཅས་བརྡབས་ནས་ཤར་སེར་དེ་ཚོའི་ཐད་དུ་འཕུར་བ་མ་ཟད། གཅིག་རྗེས་གཉིས་མཐུད་ཀྱིས་ཟ་འགོ་བརྩམས། ཁོས་ཉི་མ་རེ་དང་ཟླ་བ་རེ། ཡང་ཉི་མ་རེ་དང་ཟླ་བ་རེ་བཟོས། དེ་ནི་ང་ཚོའི་ཁང་པའི་རྒྱ་ཕེབ་འོག་ཏུ་ཡོད་པའི་ཁང་བྱིས་ཤིག་གིས་འབྲུ་རྡོག་རེ་དང་འབྲས་རྡོག་རེ། ཡང་འབྲུ་རྡོག་རེ་དང་འབྲས་རྡོག་རེ་བསྒྲུགས་ཏེ་ཟ་བ་དང་གཅིག་པ་གཅིག་རྐྱང་རེད། ཡུད་ཙམ་ལས་མ་འགོར་བར་བདུད་བྱ་དེས་ཉི་མ་དྲུག་དང་ཟླ་བ་དྲུག་ཁྱུར་མིད་བཏང་ཚར་བའི་ཁར། ཉི་མ་བདུན་པའམ་མཐའ་མ་དེའང་ཁ་ནང་དུ་བླུགས། སྐབས་དེར་འཇིག་རྟེན་ཧྲིལ་བོ་གློ་བུར་དུ་མུན་ནག་གིས་བཏུམས་ནས་ཅི་ཡང་མི་མཐོང་བར་གྱུར། ད་ལྟ་ནང་བཞིན་ནག་ཁུང་ནག་རྐྱང་དུ་གྱུར་བ་རེད།" མོས་གཏམ་རྒྱུད་ནང་གི་བྱུང་བ་ཆེན་པོ་དེ་ཤུགས་ཆེ་རུ་གཏོང་ཆེད། ཕྲན་ཙམ་མཚམས་བཞག་སྟེ་ཁང་པའི་མུན་ནག་འོག་རྣ་བ་གཏད་དེ་ཉན་བཞིན་པའི་བྱིས་པ་གཉིས་ལ་བསྒུགས། "