Web Toolbar by Wibiya
 
བརྩེ་དུང་ཟམ་པ། Saturday, 25 April 2015 08:02 PDF Print E-mail

         ནགས་ཤོད་ཅོང་བརྡ།      ནམ་མཁའ་སྔོ་ཞིང་དྭངས་ལ་སྐར་མ་རྣམས་འདར་འདར་གཡུགས་གཡུགས་བྱེད་ཅིང་།

ས་གཞི་ཡོངས་རྫོགས་སད་ཀྱིས་བསྡམས་ཏེ་དྲག་རླུང་འཚབ་འཚུབ་གཡོ་བ་དང་རི་བོས་ཁ་བའི་ན་བཟའ་བཀླུབས་ནས་སྒོ་ཁྱིའི་ཟུག་སྐད་ཐག་རིང་ནས་གོ་ཐུབ་པའི་མཚན་མོ་དེར། ཆོས་གྲགས་ལྭ་ཚར་སྨུག་སྨུག་དེ་སྐེ་རགས་ཟབ་ཟོབ་ཏུ་བསྡམས་ཞིང། མགོ་བོར་སྐེ་དཀྲིས་ཁྲ་ཁྲ་དེས་དམ་ཙམ་དཀྲིས་ཏེ། མིག་མ་གཏོགས་མཐོང་མི་ཐུབ་པ་ཞིག་བྱས་ནས་འཕྲུལ་རྟ་150(གཅིག་ལྔ་ཐིག་)རྟགས་ཅན་ནག་པོ་དེར་བཞོང་ནས་རང་གི་་སྙིང་གྲོགས་སྒྲོལ་མ་ཡོད་སའི་རི་གྲོང་དེར་གཞུ་རྒྱུད་ནས་ཤུར་བའི་མདའ་མོ་བཞིན་ཤར་རེར་སོང་། དེར་འབྱོར་བ་ན་སྔར་བཞིན་གློག་གིས་བརྡ་གཏོང་བས་སྒྲོལ་མས་ནོར་ཁེབས་ཞིག་སྒལ་བར་ཁུར་ནས་རྒྱུགས་མ་འདུར་བྱས་ཏེ་གྲོང་འདབས་ཀྱི་ནེའུ་གསེབ་དེར་སོང་། དེར་སླེབས་པ་དང་ཁོང་གཉིས་རེ་ཞིག་སྐོམ་པར་ཆུ་དང་ཕྲད་པ་དང། ལྟོག་པར་ཟས་དང་ཕྲད་པ་ལྟར་འགུལ་མེད་དུ་གྱུར། དེ་ནས། དེ་དགོང་ནོར་ཁེབས་དེ་ཁོ་གཉིས་ཀྱིས་སྐབས་སྐབས་སུ་འོག་ན་བཏིང་། མཚམས་མཚམས་སྒོང་ན་གྱོན་ནས་ནམ་ཕྱེད་ཡོལ་ཙམ་ན། ཆོས་གྲགས་ཀྱིས་གཅིག་བྱས་ན་དེ་དགོང་ང་གཉིས་ཀྱི་ཐུག་ཕྲད་མཐའ་མ་ཡིན་སྲིད། དེ་ལྟར་ཡིན་ན་ཁྱོད་སེམས་ཕམ་མི་དགོས་མ་གཞི་འཇིག་རྟེན་འདིར་"འཛོམས་པའི་མཐའ་མར་བྲལ་རྒྱུ་དང་། ། སྐྱེས་པའི་མཐའ་མར་འཆི་རྒྱུ་ཡིན"། ། པས་སེམས་སྐྱོ་དགོས་དོན་མེད། ཁྱོད་བདེ་སྐྱིད་ལྡན་པའི་འཚོ་བ་ཕུན་སུམ་ཚོགས་པ་ཞིག་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ང་ཡི་སྙིང་གི་དཀྱིལ་ན་ཡོད། ང་ཁྱོད་ཀྱིས་མི་མཐོང་ས་ཞིག་ཏུ་ཕྱིན་སོང་ཡང་། ངས་ཁྱོད་ནམ་ཡོང་མཐོང་ངེས་པས་ཁྱོད་བདེ་ན་ངའི་བདེ་སྐྱིད་དང་། ཁྱོད་སྡུག་ན་ངའི་སྡུག་བསྔལ་ཡིན། ཁྱོད་ད་ནས་་བཟུང་ང་གཉིས་དང་མི་མཚུངས་པར་རང་དབང་གི་བརྩེ་དུང་ཞིག་ལོངས་སུ་སྤྱོད་ཐུབ་པར་སྙིང་ནས་རེ། ང་ཕྱིན་རྗེས་གནས་ཚུལ་དེ་སུ་ཞིག་ལ་འཁང་ར་བྱེད་ས་མེད་དེ་ནི་ངས་རང་ཉིད་ཀྱིས་བདམ་པའི་ལམ་བུ་ཡག་ཤོས་དེ་ཡིན་པས་ཁྱོད་བདེ་བར་ཞུགས་ཞེས་པ་ན། སྒྲོལ་མས་གང་དུ་འགྲོ་གི་ཡིན་མིན་གསལ་བོར་མ་ཤེས་ཀྱང་། ཕྲུ་གུ་ངུ་ངུ་བྱས་ཏེ་ཆོས་གྲགས་ཀྱི་སྐེ་ལ་སྲུང་འཁོར་བཏགས་པ་བཞིན་དམ་པོར་འཁྱུད་དེ། ཁྱོད་ས་ཆ་གང་ཞིག་དུ་གཏང་གི་མིན་གལ་ཏེ་ཁྱོད་སོང་ན་ང་ཡང་མཉམ་དུ་ཡོང་གི་ཡིན། ང་གཉིས་སྔོན་མ་ནས་ཤི་བྲལ་མ་གཏོགས་གསོན་བྲལ་མི་བྱེད་ཅེས་ནས་མནའ་བཞག་མྱོང་བས། ངས་དེ་ལྟར་བྱེད་ངེས་ཡིན། ད་ང་གཉིས་ཤི་ན་མཉམ་ཤི་དང་གསོན་ན་མཉམ་གསོན་བྱེད་དང་། ངས་ཁྱོད་མི་ཡུལ་ས་མཐའ་ཞིག་ན་གྲོགས་མེད་ཁེར་རྐྱང་དུ་གཏང་གི་མིན་ལ་ང་ཡང་ཁྱོད་དང་མཉམ་དུ་ཡོང་ན་འདོད། མ་གཞི་ཕ་མས་བུ་རྒྱུད་བསད་སོང་རབ་མེད་པས་ནམ་ཞིག་ང་གཉིས་ལ་རྒྱལ་ཁ་ཐོབ་ངེས་པས། ཁྱོད་སེམས་ཤུགས་མ་ཆགས་རོགས་ང་དང་ཁ་མ་བྲལ་རོགས་ཅེས་ཡང་ཡང་སྨྲས། ཆོས་གྲགས་ཀྱིས་སྒྲོལ་མ་ད་དེ་འདྲ་མ་བྱེད་རོགས། ཁ་བྲལ་རྒྱུ་ང་ཡང་དགའ་དྲགས་པས་མིན་"རི་སྤྱོང་སྔོ་མོ་རི་གསེབ་འགྲིམ། ། དཀའ་ལེ་ཤེས་ཏེ་སྔོན་ལས་རེད། ། ཐང་དཀར་རྒོད་པོ་མི་ཤ་བཟའ། ། བཙོག་ལེ་ཤེས་ཏེ་སྔོན་ལས་རེད། །"ང་གཉིས་ཀྱི་ལས་དབང་འདི་ཙམ་ལས་མ་འདས་པས་བསྐོས་པའི་ལས་ལ་ཟུར་རྒྱུ་མེད། ཅེས་ནས་དེ་དགོང་ནམ་ཕྱེད་དེ་མིག་ཆུས་མདན་པ་བརླན་ཏེ་སྡུག་སྡུག་མུག་མུག་ཁོ་ནའི་ངང་དུ་རྫོགས། ཕྱི་ཉིན་བེའུ་འཚོ་མཁན་དང་། ཆུ་ལེན་མཁན་སྐོར་ཞིག་གིས་ཟམ་འོག་ན་མི་ཞིག་སྐེ་བཏགས་ཡོད་པ་མཐོང་སྟེ། གང་མགྱོགས་གྲོང་མི་རྣམས་སྐད་གཏོང་ནས་བརྟག་སྐབས་ཤི་བོ་དེ་ཆོས་གྲགས་ཡིན་པ་ཤེས། གྲོང་མི་རྣམས་ཀྱིས་འཆར་གཏམ་འར་འུར་སྨྲ་ཞིང་སྨེ་ངག་དང་མིག་ཆུ་སོགས་ཀྱི་ཁྲོད་ནས་ཁོའི་ཨམ་ཕྲག་ནས་ཤོག་ཐུམ་ཞིག་གི་ནང་དུ་ཨ་ལང་ཡ་གཅིག་དང་ཡི་གེ་ཞིག་རྙེད།