Web Toolbar by Wibiya
མདུན་ངོས། རྩོམ་ཡིག སྒྲུང་རྩོམ། མཚན་མོ་ཞིག་གི་རྨི་ལམ།
 
མཚན་མོ་ཞིག་གི་རྨི་ལམ། Tuesday, 09 September 2014 13:13 PDF Print E-mail

ལམ་བཟང་པོ། མཚན་མོ་དེར་ཟ་ཟི་དང་རབ་རིབ་ཀྱི་ཁྲོད་དུ་

རྫོགས་སུ་མེད་པའི་སྣ་ལྡན་གྱི་རྨི་ལམ་ཞིག་གིས་དགའ་སྐྱིད་སྡུག་གསུམ་གྱི་ཟློས་གར་སྣ་ཚོགས་རོལ་མྱོང་བྱེད་དུ་བཅུག སྐབས་དེར་ངས་སྒྲུང་རྩོམ་ཞིག་འབྲི་འདོད་ཀྱིས་བརྗོད་བྱ་འཚོལ་བཞིན་འདུག ནམ་མཁའི་ནོར་བུ་མཁའ་རུ་འཕགས་ཏེ་འཇིག་རྟེན་གྱི་སྐྱེ་དངོས་ཡོད་ཚད་ལ་ཕྱོགས་ལྷུང་མེད་པར་དྲོ་སྐྱིད་ཀྱི་ཟེར་རྒྱ་སྤྲོ་བའི་དུས་དེར། ངས་གློ་བུར་དུ་སྒྲུང་རྩོམ་ཞིག་འབྲི་བའི་བསམ་བློ་སྐྱེས། རང་འདོད་ཀྱིས་རྟོག་ངོར་བཞེངས་རྒྱུའི་སྒྲུང་རྩོམ་ནི་ལས་སླ་བོ་ཞིག་མིན་ན། རང་གིས་མཐོང་མྱོང་བའི་ཀླུ་སྒྲུབ་ཀྱིས་མི་རོའི་རྩེ་སྒྲུང་དང་ཆུ་ངོགས་གཏམ་རྒྱུད་གཞན་ཡང་སྟག་འབུམ་རྒྱལ་གྱིས་ཁ་བ་མེད་པའི་དགུན་ཁ་སོགས་པང་མཐུག་ཅིང་ལྡེབ་གྲངས་མང་བའི་ཇི་སྙེད་པའི་སྒྲུང་རྩོམ་གྱི་པོ་ཏི་དག་གང་ལྟར་བརྩེགས་སྙམ་ཏེ། ངས་སྒྲུང་རྩོམ་ཞིག་འབྲི་འདོད་ཀྱིས་བརྗོད་བྱ་བརྩལ། དང་པོར་རང་ཤག་གྲུ་བཞིར་མིག་གིས་བསྐོར་ཏེ་བློ་ཡིས་ཕབ་དུས། གཡོ་སྒྱུའི་འཁྲུལ་འཁོར་འོག་ཏུ་ཚུད་ཅིང་སུག་བཞི་སྡོམ་ཐག་གིས་བཀྱིགས་པའི་ཐོག་མཚམས་ཀྱི་སྦྲང་མ་དེར་འབྲི་དགོས་སམ། ཉིན་མོ་སྒོམ་ཆེན་བཞིན་ཉལ་གདན་གྱི་སྲུབ་བར་མི་གཡོ་བའི་བརྟུལ་བཞུགས་འཛིན་ཞིང་། མཚན་མོར་གནའ་བོའི་གཏམ་རྒྱུད་དུ་གྲགས་པའི་སྲིན་པོ་ལྟར་མི་ཤ་དམར་ཟོས་དང་མི་ཁྲག་དྲོན་མོར་འཇིབ་པའི་བྲེལ་འཚུབ་འཚུབ་ཀྱི་འདྲེ་ཤིག་ལ་འབྲི་དགོས། ཡང་ན་ཆེས་རིན་ཐང་བྲལ་བའི་དམ་པའི་གསུང་རབས་དང་མཁས་པའི་ཞལ་གདམས་ཀྱི་གླེགས་བམ་དག་ལ་ཁ་རལ་སྣ་ཆག་དང་། འབག་བཙོག་གི་དྲི་མ་བགོ་བའི་རྒྱ་འབུ་དམར་པོ་དེ་ཡིན་ནམ། འོན་ཏེ་འདི་དང་དེ་ཞེས་རང་ཉིད་ཀྱི་བློ་ལ་བབས་པའི་སྒྲུང་རྩོམ་གྱི་བརྗོད་བྱ་མ་རག་པས། སྒོ་ཐེམ་གོམ་པས་བགོམ་ཁང་པའི་ཡང་ཐོག་ཏུ་འཛེགས་ཏེ་ཕྱོགས་བཞིར་མིག་ཟུང་གཡོ་དུས། དྭངས་གཙང་གཡུ་ཡི་མེ་ལོང་དང་འདྲ་བའི་གནམ་གྱི་མཐོངས་སུ་རྒྱུ་བའི་གླང་ཆེན་དང་རྟ་མཆོག་གི་དབྱིབས་གཟུགས་ལྡན་པའི་སྤྲིན་པ་ལ་ལྟ་བཞིན་བསམ་གཞིགས་གཏོང་དུས། མུ་ཏིག་གི་མདངས་ལྟར་འཚེར་བའི་འདྲ་ཆགས་ཆགས་ཀྱི་སྤྲིན་པ་འདི་ཇི་ལྟར་གཙང་ཡང་ཇི་ལྟར་མཛེས་ཀྱང་གར་འགྲོ་དང་གར་ཡོང་ཆ་མེད་པས་འབྲི་བའི་དགོས་པ་མ་རྙེད། ད་འོ་ན་ཅི་ཞིག་ལ་འབྲི་དགོས། ང་ལ་སྒྲུང་རྩོམ་གྱི་བརྗོད་བྱས་སྟོང་པ་ཡིན་ནམ།

 དེ་ལྟར་ཡིན་མི་སྲིད། ད་དུང་འཚོལ་བར་འདོད། གྱེན་འཕྱུར་རི་བོིའི་གཟི་བརྗིད་བརླགས་ཤིང་། རྩ་ཐང་ཡངས་པོའི་མཛེས་ལྗོངས་དབེན་པ ། ཚ་གདུང་གིས་སྐྱེ་དངོས་གཙེས་པའི་ལྷོ་མཐའ་འདིར། གསེར་མདོག་གི་སྙེ་མ་ནགས་ལ་བསྒྱུར་བའི་ཡུལ་མི་ནག་རིལ་ཚོ་དང་། ཡང་ན་གཞན་གྱི་རིགས་དང་འགྲོགས་པར་མོས་ཤིང་། ར་མ་ལུག་གི་སྐད་ལ་དགའ་བ། བྱ་མ་རྟ་ཡི་ཚུགས་ཀ་འཛིན་ཞིང་། རང་གི་སྐད་ཡིག་ལ་ཨམ་གཙིགས་སྡོམ་པའི་གྲོང་པ་ཐར་ཐོར་དེར་འཚོ་བའི་སེམས་ཅན་ཕལ་ཆེར་གནའ་བོའི་ཡབ་མེས་ཀྱི་ཟུངས་ཁྲག་སྐམ་ཞིང་རུས་པ་སྲ་བོ་དེ་ཡང་བརྗེས་ཚར་བ་མིན་ནམ། ད་ཆ་སོ་སོའི་རྡོག་སྣ་ཁོ་ནར་འཐོམ་པའི་བཏང་སྙོམས་ཀྱི་ཚོར་བ་ཅན་རྐྱང་རྐྱང་ཆགས་འདུག་པས་དེ་དག་ལ་ངས་སྒྲུང་རྩོམ་ཞིག་འབྲི་བར་མི་སྤྲོ། ཕ་གིར་ཆེས་ཆེར་འཛིང་པའི་སྔོ་ལྗང་གི་ནགས་ཀློང་དུ་བལྟས་ཀྱང་། རི་དྭགས་ཀྱི་མཛེས་པ་མི་འདུག གཅན་གཟན་གྱི་རྔམ་བརྗིད་མི་འདུག ཤི་མ་གསོན་གྱི་བྱིའུ་ཆུང་ནད་པའི་གཉོམ་སྐད་དེ་བརྗོད་བྱ་ག་ལ་ཡིན། དེ་ལྟར་བསམ་བཞིན་ལྟ་བཞིན་སྐྱེ་དངོས་རེ་རེ་ལ་མིག་ཟུང་འཕེན་དུས། ལག་རྩར་འཁོར་བའི་དུས་ཚོད་ཀྱི་ཐག་སྒྲས་གཉིད་ལས་བསླངས་པ་ལྟར་གྱུར་དུས། གྲིབ་གཟུགས་ཆེན་པོ་ཞིག་གིས་ས་གཞི་འགེབས་པར་རྩོམ་བཞིན་གདའ། རིམ་གྱིས་ས་ཆེན་གྱི་མར་མེ་དེ་ཡང་ནུབ་མཐའ་ནས་ཡལ་སོང་། ཟོར་དབྱིབས་ཀྱི་ཟླ་བ་དེ་ཡང་གསལ་ཆ་མི་འདུག